སྟོན་བསྡུའི་འབྲུ་འོང་ལས་ཀྱི་ལས་གཞས་སྐོར་གླེང་བ།
སྦྲང་དཀར་རྩམ་པས་རྒྱགས་ཞོར། ལུས་སེམས་ལྷོད་ལ་བབས་པས་ལས་སློབ་གང་ཅིའི་འབྲས་བཟང་སྨིན་པར་འདོད་པའི་རེ་སྐོང་དུ་གྱུར་པ་ནི། ཀུན་ཡིད་དགའ་བའི་གཞིར་གྱུར་པས་ན། འདིར་དྲན་པའི་ཕྱི་མིག་གི་ཀློང་ནས། སྟོན་ལས་དང་ལྷག་པར་དེའི་ནང་གི་ཞིང་ལས་ཀྱི་ཞིབ་ཆ་ལྡན་པའི་རིགས་སུ་གྱུར་པ། འབྲུ་ལས་སྐོར་རང་ཉིད་ཀྱི་ལག་ལེན་དངོས་མྱོང་དང་འབྲེལ་ནས་ཅུང་ཟད་གླེང་བར་བྱའོ།
དང་པོ། “འབྲུ་འོང”ཞེས་པའི་ཐ་སྙད་ཀྱི་བརྡ་འདེད།
རྩྭ་འབྲུ་སོ་སོར་ཕྱེ་ཟིན་པའི་རྗེས་ཀྱི་འབྲུ་རྣམས་ཕྱོགས་གཅིག་ཏུ་སྣུམ་ཤིག་གེར་སྤུངས་པ་དེར། གཙང་ཕྱོགས་སུ“འབྲུ་འོང”དང“འོ་ང”དང་ཡང་ན་འོང་ངའི་སྒྲ་ལྟར་འབོད། ཐ་སྙད་འདིའི་གྲུབ་ཚུལ་ནས་བཤད་ན། ཐོག་མར་འོང་ཞེས་ཡིན་པ་ལ། དེ་ཉིད་ཀྱི་རྗེས་འཇུག་ཐ་དད་ཀློག་པའི་ཚེ་ན། འོ་ང་ཞེས་སུ་གྲུབ་པར་བསམས། འོ་ན་ཐོག་མར་འོང་ཞེས་ཡིག་འབྲུ་འདིའི་འབོད་ཚུལ་ཇི་ལྟར་བྱུང་ཞེ་ན། འོང་ཞེས་པའི་ཡི་གེ་འདི་ཉིད་བྱེད་མེད་ལས་ཚིག་ཅིག་ཡིན་ཏེ། གང་ནས་འོང་དང་ཡང་ན་ཕར་འགྲོ་ཚུར་འོང་ལྟ་བུ་ལས་ཤེས་ནུས། དེས་ན་འོང་གི་དོན་འདི་དང་འབྲེལ་ཏེ། 《བོད་རྒྱ་ཚིག་མཛོད་ཆེན་མོ》ལས། “འོང་ཞིང་ཞེས་སྟོན་ཐོག་ཡོང་ཁུངས་ཀྱི་ས་ཞིང”ཞེས་གསུངས་པས་ན། ཡོང་དང་འོང་གཉིས་ནི་དོན་འདྲ་བ་ཡིན་པས་ན། དེ་ནི་ངེས་པར་ས་ཞིང་ལས་འབྲུ་རིགས་ཡོང་བའམ་འོང་བས་ན། འོང་ཞེས་མིང་དུ་ཐོག་མར་གྲུབ་པར་སེམས་པ་སྟེ། གཞན་ཡང《བོད་རྒྱ་ཚིག་མཛོད་ཆེན་མོ》ལས། “འབྲུ་མ་བཏོན་པའི་སྟོན་ཐོག་ལ་འོང”ཞེས་གསུངས་པ་དང་ཡང་མཐུན་པར་བྱུང་ན། ལོ་ཏོག་སྐྱེས་པ་ནས་འབྲུ་མ་བཏོན་པའི་བར་གྱི་ཞིང་ཁར་འོ་ང་ཞེས་འབོད་དགོས་པར་གོ་སྟེ། རྒྱུན་དུའང“འོང་ང་ལ་ཆུ་ཤོར་འདུག”ཅེས་དང་ཡང་འོང་སྐོར་དུས་ཆེན་གྱི་བྱེད་ཕྱོགས་གཙོ་བོ་ནི་ཞིང་ལ་སེར་དྲག་སོགས་ཀྱི་རང་བྱུང་གེགས་བར་མི་ཡོང་བའི་ཆེད་དུ། “འོ་ང”སྐོར་སྲོལ་ད་ལྟའང་ཡོད་པ་འདིར“འོང་སྐོར”ཞེས་གྲགས་པ་སོགས་ལས་མཚོན་ཐུབ་སྙམ།
དེས་ན། ཞིང་ལ་ལོ་ཏོག་མ་སྐྱེས་པའམ་མི་འོང་བའི་སྔོན་ན། དེར“འོང་ང”དང་ཡང་ན“འོང་ཞིང”ཞེས་མི་འབོད་ལ། ཕྱིས་སུ་མྱུ་གུ་སྐྱེས་པའམ་བྱུང་སྟེ་ལྗང་མདོག་ཡུག་ཅིག་ཏུ་གྱུར་པའི་ཚེ་ན། “འོ་ང”ཞེས་འབོད་པ་ནི་ད་ལྟའི་སོ་ནམ་པ་ཚོའི་ངག་རྒྱུན་ལ་ཡོད་པ་འདི་ཡིན་ཏེ། ཡུར་མ་བརྒྱག་པའམ་རྩྭ་བཀོག་འདོད་ཡོད་ཀྱང་གང་བྱུང་དུ་འོ་ངར་འགྲོ་མི་ཆོག་པས་ན། ཕན་ཚུན་བར་ལ“འོ་ང་ལ་བཏང་སོང་ངམ”ཞེས་འདྲི་ཚུལ་ཡང་ཡོད། འོ་ན“འོང”ཞེས་ཇི་ལྟར་གྲུབ་ཅེ་ན། དེ་ནི་མང་དུ་མཐོང་བ་ཞིག་སྟེ། སྒོང་ཞེས་པ་ནི་ཡི་གེ་སྒོ་དང་རྗེས་འཇུག་ང་གཅིག་ཏུ་སྦྱར་བས་ན་སྒོང་ཞེས་དང་ཡང་ན་འོང་ཞེས་འབོད་བདེ་བའི་དབང་དུ་བྱས་པས་ན་འོ་ང་ཞེས་སུ་གྲུབ་པར་བསམས་ནས། དེས་ན“འོང”ཞེས་པའི་བྱ་ཚིག་དེ་ཉིད“འོ་ང”ཞེས་པའི་མིང་དུ་གྱུར་པ་སྟེ། འདི་ཚུལ་ལ་དམུ་དགེ་བསམ་གཏན་གྱིས། “སྤྱིར་བོད་ཀྱི་མིང་འདོགས་ཚུལ་དུ་མ་ཞིག་ཡོད། བྱ་ཚིག་གིས་མིང་འདོགས་ཚུལ་ལ་ནང་གསེས་སུ”ཞེས་གསུངས་པ་དང་འདྲ་བར་ཕྱིས་སུ་གོ་བདེའི་དབང་གིས“འོ་ང”ཞེས་མིང་དུ་གྲུབ་པར་བསམས། “འོ་ང”ཞེས་འཕྲལ་མོད་འབོད་ཚུལ་ལ“འོང་ངའི”སྒྲ་ལྟར་འབོད། གཞན་ཡང་དགེ་འདུན་ཆོས་འཕེལ་གྱིས་ཀྱང“གནའ་དུས་ཀྱི་ཀློག་ལ་བོད་ཅེས་བརྗོད་ཚེ། བོ་དང་ད་སྒྲ་གཉིས་ཀ་གསལ་བར་ཐོན་པའི་དབང་གིས”ཞེས་གསུངས་པའི་གནད་དང་ཡང་མཐུན་ཤས་ཆེ་བར་སྙམ།
གཉིས་པ། “འོང་ལས”སྐབས་ཀྱི་ལས་གཞས་སྐོར།
རྒད་པོ་དེ་ཚོས། ལས་ཀ་གང་ཞིག་བྱས་ཀྱང་ལམ་སེང་ལས་གཞས་འགོ་ཚུགས་པས་ན། སྔ་དུས་ན་ལས་གཞས་མེད་པའི་ལས་ཀ་བྱེད་ཚུལ་མེད་ཅེས་བརྗོད། འོན་ཏེ་སྐད་ཆ་དེ་རིགས་ང་ཚོའི་རྣ་བར་མི་གཤོང་བ་ནི། ཕལ་ཆེར་སྲོལ་རྒྱུན་དམངས་རྩོམ་རྨང་གཞིའི་རིག་གནས་འདི་དག་ལ་སྣང་ཆུང་ཤོར་བའི་དན་རྟགས་རེད་སྙམ། གང་ལྟར་ལས་གཞས་གཏོང་ཚུལ་མང་ལ་དེ་བས་ཀྱང་ལས་ཀ་དཀའ་བ་ཞིག་ཡིན་ཚེ་ལས་གཞས་ངེས་པར་ཡོད་སྙམ། དཔེར་ན་ཁྲོལ་མའི་ལས་ཀྱི་ནང་ནས“ཁྲོལ་ཆེན”བརྒྱབ་པའི་དུས་འདི་དཀའ་ཤོས་ཡིན་ཅིང་། འདིའི་ལས་གཞས་ཀྱི་ཚིག་ནི། “ཨ་མ་མི་ལ་བྱམས་པས(པ)། །རང་གི་ཕྲུག(ཕྲུ་གུ)ལ་སྡང་ངས(བ)།།”ཞེས་རང་ཉིད་ལ་ཨ་མའི་ཉེ་རིང་མེད་པའི་བྱམས་བརྩེ་ཐོབ་འདོད་བཅངས་པའི་དོན་མཚོན་པ་ཙམ་དུ་མ་ཟད། གཙོ་བོ་ནི་སྐབས་དེའི་ལས་ཀའི་ངལ་བ་སེལ་ཆེད་ཡིན་ཏེ། ལས་ཀ་གླུ་དང་བསྡེབས་ན། །ལས་ལ་ཁག་རྒྱུ་མིན་འདུག་ཅེས་པ་ལྟར་དང་། ད་དུང“ལས་ལ་མ་གཡར་བསྐོས་སོང་། །མ་གཡར་བདུད་མོའི་རྩ་རུ། །ཡུན་རིང་སྡོད་ག(དགོས)མ་གཏོང”ཞེས་བག་མ་ལྟ་བུར་གཞན་ཁྱིམ་གྱི་ཨ་མས་སྡུག་པོ་གཏོང་བའི་ཚུལ་མཚོན་པ་ནི་ཞིང་པ་ཚོའི་འགྲེལ་བཤད་ཀྱང་རེད། གཞས་ཚིག་འདི་དག་གི་དོན་དག་ལ་ཟུར་ཟ་དང་བསུན་འབྱིན་གྱི་གནད་དག་ཤུགས་ཆེ་བ་སྤྱད་ཅིང་། ཡང་དོན་ལ་རྩེད་མཚར་རང་བཞིན་གྱིས་བགད་མོའི་ཆོབ་སྒྲ་སློང་བའི་ཚུལ་ཡང་བྱུང་བ་ནི། སྐབས་དེ་ཤེད་དུ་མངོན་སུམ་མཐོང་བའང་ཡིན་ཏེ། ཐ་ན་གླུ་ལེན་པ་པོ་རང་ཉིད་ནས་ཀྱང་གཞན་ལ་ཕོག་གམ་སྙམ་པའི་དོགས་གཞི་དང་གད་མོ་གཉིས་བསྡེབས་ཏེ། གླུ་སྒྲ་ལ་ཡང་བསྐྱར་ཞུགས་པ་ནི།“ཨ་ཇོ་དགའ་མོ་ཡོད་དུས། །བདུད་མོས་ཁོག་པ་བསྒྱངས་ཏེ(སོང)། །དགོན་པ་སེ་ར་སྒྲུབ་སྡེ། །ས་ཐག་རིང་ཡ(བ)མི་འདུག །དགོན་པ་སེ་ར་སྒྲུབ་སྡེ(སྡེར)། །ཨ་ནེ་(བཙུན་མ)བྱེད་རྒྱུ་བྱུང་ན། །ཨ་ནེ་བཙུན་མའི་མགོ་ལ། །སྤ་ལོ(སྤ་ལྕོག)རྒྱག་རྒྱུ་མིན་འདུག།”ཅེས་པའི་གླུ་ཚིག་འདིས། བཟའ་ཚང་བར་གྱི་བརྩེ་དུང་མཚོན་ལ། ཡང་འཇིག་རྟེན་ཁྱིམ་ཐབ་ཀྱི་བྱ་བར་ཞེན་པ་ལོག་པའི་ཚུལ་བསྟན་ཅིང་། གཞས་ཚིག་མང་ཆེ་བར་འཇིག་རྟེན་གྱི་སྐྱིད་སྡུག་གམ་མི་ཆོས་བསྟན་ཅིང་། ལྷག་པར་དུ་གཞས་ཚིག་འདི་ལྟ་བུ་ནི་སྣང་སའི་རྣམ་ཐར་གྱི་ལོ་རྒྱུས་དང་ཡང་འབྲེལ་བས། ནང་དོན་ཆ་ནས་ཆེས་ཕུན་སུམ་ཚོགས་པར་སྣང་ཞིང་དེ་ནི་དམངས་གཞས་ཀྱི་ཁྱད་ཆོས་ཤིག་ཀྱང་ཡིན།
གླུ་གཞས་འདི་དག་ནི“ཁྲོལ་ཆེན”འདེབས་པའི་ཚེ་ན་གཏོང་བས། དེ་བས་ཀྱང་སྐབས་དེའི་ལས་དང་ཐད་ཀར་འབྲེལ་བ་ཡོད་པའི་ཚིག་སྟེ། “ལྷགས་པ་བརྒྱབ་པ་ཡོད་དོ། །རྒྱ་ལྕང་ཤོལ་པོ(ཤིང་ཤོལ་པོ)འགུལ་སོང་། །ལྷགས་པ་ག་ནས་ཕེབས་པ། །བཞུགས་ཡ་ག་པར་ཡིན་འགྲོ། །ལྷགས་པ་ཡོད་ན་རྒྱོབས་ཤོག །རླུང་པོ་ཡོད་ན་རྒྱོབས་ཤོག།”ཅེས་ཁྲོལ་ཆེན་བརྒྱབ་པ་ནི། གཙོ་ཆེར་འབྲུ་འོང་དེ་ཉིད་ལྷགས་རླུང་ལ་བཤར་ཏེ། རྩྭ་རྡུལ་དང“སྒྲེ་བ”རྣམས་ཕྱེ་བའི་དམིགས་ཡུལ་ཡིན་པས་ན། སྐབས་དེའི་ཚེ་ན། རླུང་པོ་ལས་མཁོ་གལ་ཆེ་བ་གཞན་ཅི་ཡང་མེད་པས། རླུང་པོ་རྒྱུ་འདོད་པའི་རེ་བ་ཆེན་པོས། སྐབས་འགར་རླུང་པོའི་རྒྱུ་ཤུགས་དང་བསྟུན་ཏེ་གླུ་སྐད་ཀྱང་གསང་མཐོར་སྒྲོག་པའི་ཡིད་ཚོར་ཞིག་སྐྱེ་ཞིང་། ལྷགས་རླུང་གཞོམས་ཚེ་གླུ་སྐད་ཀྱང་ཇེ་དམའ་རུ་གྱུར་པའི་ཚུལ་ཞིག་ཀྱང་མེད་པ་མིན། ལར་ནས་ཕྱི་རང་བྱུང་རིག་པའི་སྣང་ཚུལ་དང་ཡང་སྦྱར་བ་སྟེ། རྒྱུ་རྒྱ་ལྕང་གཡོ་བའི་རྟགས་ལས་འབྲས་བུ་ལྷགས་རླུང་ཡོད་པའི་ཤེས་པའི་རྗེས་དཔག་ཚད་མའི་རིགས་འདེད་དང་སྦྱར་བ་ནི། དམངས་རྩོམ་ཚིག་དོན་ལ་རིགས་པའི་གཞུང་དང་མཐུན་པའི་ཤེས་བྱ་གང་མང་སིམ་པའི་ཁྱད་པར་མངོན་ཞིང་། ལྷགས་པ་གང་ནས་བྱུང་གང་དུ་འགྲོ་ཞེས་པ་ལས། ཡིད་ཀྱི་བརྩེ་བ་དང་རེ་འདོད་དང་ཐ་ན་བྱ་དངོས་ཡོད་དོ་ཅོག་ཕན་ཚུན་རྟེན་བརྟེན་པའི་གནས་ལུགས་ཤིག་མངོན་པར་བསམས། ད་དུང“རྒྱ་ཁྲོལ་ཁྲོལ་མའི་འོག་ལ། །རླུང་གི་རྟ་ཕོ་རྒྱུགས་ཤོག །རླུང་ལ་ཆིབས་པ་ཡོད་ན། །ཆིབས་རྩྭ་བཞེས་ལ་ཕེབས་ཤོག།”ཅེས་པའི་ཁྲོལ་མའི་འོག་ཏུ་རླུང་གིས་རྒྱུ་བ་མ་ཆོད་ན། བསམ་པའི་ལས་ཀྱི་རེ་བ་མྱུར་དུ་སྐོང་བར་འགྱུར་བའི་གནས་ལུགས་ཀྱི་ཆོས་ཉིད་དང་རླུང་གི་རྟ་ཕོ་ལ་རྩྭ་འབྲུའི་བཞོན་བྱེད་སོགས་གཟུགས་རྒྱན་སྦྱོར་ཚུལ་མཚར་དུ་དངར་བར་ལྡན་ཞིང་། ཡང་དེ་ལྟར་མིན་པར་རླུང་གི་བཞོན་པར་རྟ་ཕོ་དངོས་སུ་ཡོད་པར་གཞི་བཅོལ་ཏེ། བཞོན་བྱེད་རླུང་པོ་ཉིད་ཀྱིས་ཆིབས་རྩྭ་ལེན་པར་ཤོག་ཅིག་ཅེས་ཅུང་ཟད་རབ་རྟོག་རྒྱན་གྱི་བྲོ་བ་དང་ལྡན་པར་བྱེད་དེ། མདོ་དོན་གླུ་གཞས་འདི་ཉིད་ཀྱིས་ཉམས་འགྱུར་ཤུགས་དྲག་ཏུ་འཕར་ལྡིང་བྱེད་པར་ཕན་ནུས་ཐོན་ལ། བརྗོད་བྱའི་དོན་ཉིད་ནི། རླུང་གིས་ཆིབས་རྩྭ་བཞེས་པར་ཕེབས་ཞེས་རླུང་གི་རྒྱུ་བ་ལ་བརྟེན་ནས་འབྲུ་འོང་གི་གསེབ་ན་འདྲེས་པའི་རྩྭ་དུམ་རྣམས་འཁྱེར་ཏེ་དབྱེ་བ་གཅོད་དང་ཞེས་པའི་དོན་དང་མཚུངས་པར་གྱུར་པས། དེས་ན་དམངས་རྩོམ་གྱི་རྗོད་བྱེད་ཚིག་སྦྱོར་དག་ནི་བབ་ཆགས་ཤིང་ཆུ་མོ་དལ་གྱིས་རྒྱུ་བ་བཞིན་གྱི་ཀློག་བདེ་ལ་དོན་གྱི་ཆ་ནས་མི་སེམས་དགའ་སྐྱོའི་ཚོར་འདུ་དྲག་ཏུ་རྒོད་ཅིང་། རིག་གནས་ཀྱི་སྣང་ཚུལ་ཕུན་སུམ་ཚོགས་པ་བཅས་དམངས་རྩོམ་གྱི་ཁྱད་ཆོས་ཡོད་རྒུ་རྫོགས་པ་དག ཁོ་བོ་ལྟ་བུས་ཤེས་དཀའ་ཞིང་ལྷག་ཏུ་འབྲུ་ལས་སྐོར་ཡོངས་སུ་རྫོགས་པ་ཞིག་གླེང་ཐབས་ཀུན་ཏུ་བྲལ་བ་ཞིག་ཏུའང་གྱུར་སོང་ངོ་།
(གཞིས་རྩེ་མཐོ་རིམ་སློབ་འབྲིང་དང་པོའི་དགེ་རྒན་ཕུན་ཚོགས་བཀྲ་ཤིས)