དབུ་ཤོག>བོད་ཀྱི་རིག་གནས།>མངོན་མིན་རིག་གནས་ཤུལ་བཞག>ལག་རྩལ།
  • ལག་ཤེས་རྙིང་པའི་ཕབ་རྩི་ཡིས། འཚོ་བ་གསར་པའི་ལེགས་ཆང་བསྙལ།

    “ཆང་ཁྱིམ་ནས་ཆང”གི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་བློ་བཟང་རྡོ་རྗེའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-04-11

    འདི་ནི་བློ་བཟང་རྡོ་རྗེས་འཁྱགས་སྒམ་ནས་རང་གིས་བསྙལ་བའི“ཆང་ཁྱིམ་ནས་ཆང”འདོན་བཞིན་པ།

    འདི་ནི་བློ་བཟང་རྡོ་རྗེས་རང་ཁྱིམ་གྱི་བཟོ་ཁང་དུ་རང་གིས་བསྙལ་བའི“ཆང་ཁྱིམ་ནས་ཆང”གི་བྲོ་བ་མྱོང་བཞིན་པ།

    “ང་ཚོའི་ནས་ཆང་ཧ་ཅང་བྲིན་ཁ་རྒྱུག་པོ་འདུག”ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་ལྷ་ཡུལ་ཤང་ཆང་ཁྱིམ་གྲོང་ཚོའི“ཆང་ཁྱིམ་ནས་ཆང”གི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་བློ་བཟང་རྡོ་རྗེས་ལོ་གསར་སྐབས་སྔོན་ནས་མངག་ཉོ་མ་བྱས་ན་ཆང་ཉོ་མི་ཐུབ། ལྷ་ས་དང་རྩེད་ཐང་སོགས་ཀྱི་ཚོང་པ་80ཙམ་གྱིས་རྒྱ་མ་ལྔ་ཡོད་པའི་ཆང་འགྱིག་དམ་1400ཙམ་མངག་ཉོ་བྱས་སོང་ཞེས་འཛུམ་དམུལ་དམུལ་ངང་བརྗོད།

    དུས་རྒྱུན་ལྷ་ས་དང་། ལྷོ་ཁ། གཞིས་རྩེ། ཉིང་ཁྲི་སོགས་ས་ཁུལ་གྱི་ཚོང་པས་རླངས་འཁོར་བཏང་ནས་སྒོ་ཁར་ཆང་ཉོ་བར་ཡོང་གི་ཡོད། བློ་བཟང་རྡོ་རྗེའི་ཁྱིམ་གྱི་མངོན་མིན་རིག་གནས་ཤུལ་བཞག་བཟོ་ཁང་གིས་ཧ་ལམ་ལག་ཤེས་ཁོ་ནའི་ཐོག་ནས་ཐོན་སྐྱེད་བྱས་པའི་ནས་ཆང་གིས་ཁྲོམ་རའི་དགོས་མཁོ་གཏན་ནས་སྐོང་ཐུབ་ཀྱི་མེད།

    བློ་བཟང་རྡོ་རྗེའི་ཁྱིམ་གྱི་ནས་ཆང་བྲིན་ཁ་རྒྱུག་པོ་དེ་འདྲ་ཡོང་དོན་གང་ཡིན་ཞེ་ན། དེའི་རྒྱུ་མཚན་ནི་ཐོན་རྫས་ཀྱི་སྤུས་ཚད་ཧ་ཅང་ལེགས་པས་རེད། ཆང་ཁྱིམ་གྲོང་ཚོར་ནས་ཀྱི་ཐོན་འབབ་ཧ་ཅང་ལེགས་པའི་ཁར་འབྲུ་སྤུས་དག་པོ་ཡོད། “ཆང་ཁྱིམ་ནས་ཆང”གི་རྒྱུ་ཆ་འདེམས་སྐབས་དང་དོད་ཆེ་ལ་ཆང་བསྙལ་རྩལ་ཧ་ཅང་བྱང་ཆུབ་པོ་ཡོད། འབྲུ་རྡོག་ཆེ་ལ་མདངས་ལེགས་པའི་ནས་བདམས་ཏེ་གཙང་མར་བཀྲུས་རྗེས་ཧ་ཡང་ཆེན་པོའི་ནང་བླུགས་ནས་ཆུ་མ་ཐིམ་བར་བཙོ་གི་ཡོད། དེ་ནས་ཆང་རྩི་བརྒྱབ་སྟེ་ཁ་དམ་པོར་བསྡམས་ནས་བསྙལ་གྱི་ཡོད། ཆང་ཁྱིམ་གྲོང་ཚོས་བསྙལ་བའི་ནས་ཆང་གི་དྲི་མ་ཞིམ་ལ་བཏུངས་ན་མངར་སིལ་རྒྱག་པ་ཞིག་ཡོད་པས་ཚང་མས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད།

    ཐོན་རྫས་ཡག་པོ་དེ་འདྲ་ཡོང་དོན་ནི་བློ་བཟང་རྡོ་རྗེས་ལོ་མང་རིང་ཞིབ་འཇུག་གསར་སྤེལ་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་སྤུས་ཀར་དང་དོད་ཆེན་པོ་བྱས་པས་རེད། ཐོག་མར་ཁོང་གིས་བཟའ་ཟླ་དཀར་ཏོག་གི་ས་ནས་ཆང་བསྙལ་སྟངས་སྦྱངས་པ་དང་། དེ་རྗེས་རང་ཉིད་ཀྱིས་ལོ་གཅིག་ཙམ་ཞིབ་འཇུག་གསར་སྤེལ་བྱས་མཐར་ནས་ཆང་གི་བྲོ་བ་ཞིམ་དུ་ཕྱིན་ཡོད། ཁོང་ཚོས་སྲོལ་རྒྱུན་ལག་ཤེས་ཐོན་སྐྱེད་ཀྱི་སྤུས་ཚད་ལ་མཐོང་ཆེན་བྱེད་པ་ལས་སྤུས་ཚད་འགན་ལེན་གྱི་དུས་ཡུན་རིང་དུ་གཏོང་བར་སྣང་འཇོག་དེ་ཙམ་བྱེད་ཀྱི་མེད། གཞན་ཡང་བཟོ་ཁང་ནས་ཐོན་སྐྱེད་བྱས་པའི་ཐོན་རྫས་ལ་སྒོར་27དང་། སྒོར་45 སྒོར་90བཅས་བྱས་པའི་ཆེ་ཆུང་མི་འདྲ་བའི་ཐུམ་སྒྲིལ་རྒྱག་སྟངས་གསུམ་སྤྱད་ཡོད་པ་རེད།

    “ཆང་ཁྱིམ་ནས་ཆང”གི་འབྱུང་ཁུངས་དང་། འཕེལ་རྒྱས། རིག་གནས་བཅས་ཀྱི་སྐོར་ལ་ལོ་རྒྱུས་ཡུན་རིང་ལྡན་པའི་གཏམ་རྒྱུད་སྙན་པོ་ཞིག་ཡོད། ཤོད་རྒྱུན་ལ་ལོ་ངོ་1300ལྷག་གི་གོང་རོལ་དུ་རྒྱ་བཟའ་ཀོང་ཇོས་ཡུལ་དེ་ག་ནས་ཐོན་པའི་ནས་དང་ཆབ་རྒྱུན་སྤྱད་དེ་ཆང་ཡང་ནས་ཡང་དུ་བསྙལ་བས་ཞིམ་མངར་ནས་ཆང་གཞི་ནས་བསྙལ་ཐུབ་པ་མ་ཟད། ས་གནས་དེ་གའི་བུད་མེད་ཚོར་ཆང་བསྙལ་སྟངས་ཀྱང་བསླབས་པས། གྲོང་མིའི་ཆང་བསྙལ་རྩལ་དེ་དུས་དེ་ནས་བཟུང་དར་ཡོད། རྒྱ་བཟའ་ཀོང་ཇོར་དྲན་གསོ་ཞུ་ཆེད་མི་རབས་རྗེས་མ་ཚོས་ས་ཆ་དེར“ཆང་ཁྱིམ”ཞེས་པའི་མིང་བཏགས།

    ད་ཆ་ཆང་ཁྱིམ་གྲོང་ཚོའི་གྲོང་མི་མང་ཆེ་བས་ཆང་ཡག་པོ་བསྙལ་ཤེས་ཀྱི་ཡོད། བློ་བཟང་རྡོ་རྗེའི་ཁྱིམ་གྱི་མངོན་མིན་རིག་གནས་ཤུལ་བཞག་བཟོ་ཁང་དུ་ལོ་གཅིག་ནང་ས་གནས་དེ་རང་ནས་མི་6ལས་ཀར་བཅུག་སྟེ་ཆང་བཙོ་རོགས་དང་བསྙལ་རོགས་བྱེད་དུ་འཇུག་གི་ཡོད། “ཁོང་ཚོའི་གླ་ཆ་ཆུ་ཚོད་ལ་གཞིགས་ནས་བརྩི་གི་ཡོད་པ་དང་། མི་རེར་ལོ་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་2.4ལྷག་ཙམ་ཡོང་གི་ཡོད། བཟོ་ཁང་ལ་ལོར་ཁེ་བཟང་སྒོར་ཁྲི་50ཙམ་རག་གི་འདུག”ཅེས་བློ་བཟང་རྡོ་རྗེས་བརྗོད།

    2016ལོར། “ཆང་ཁྱིམ”སྤུས་རྟགས་བདེ་བླག་ངང་ཐོ་འགོད་ཐུབ་པ་དང་། 2020ལོར། སྲོལ་རྒྱུན་གྱི“ཆང་ཁྱིམ་ནས་ཆང”བསྙལ་རྩལ་དེ་ལྷོ་ཁ་གྲོང་ཁྱེར་གྱི་གྲོང་ཁྱེར་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་ཚུད། 2024ལོར་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་གྲས་སུ་ཚུད་ཅིང་། ལོ་དེ་རང་དུ་བློ་བཟང་རྡོ་རྗེ་ཡང“ཆང་ཁྱིམ་ནས་ཆང”གི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པར་བདམས།

    བློ་བཟང་རྡོ་རྗེའི་ནས་ཆང་བཟོ་ཁང་དུ་འཛུལ་མ་ཐག མིག་ལམ་དུ་ཤར་བ་ནི་གནའ་ཉམས་ལྡན་ཞིང་ཆེ་ཆུང་མི་འདྲ་བའི་རྫ་ཁོག་དང་ཆང་རྐྱན་སོགས་ཆང་སྙོལ་བྱེད་ཀྱི་ཡོ་བྱད་དང་བླུགས་སྣོད་སོགས་ཀྱིས་ཁེངས་པའི་བང་ཁྲི་ཡིན། བློ་བཟང་རྡོ་རྗེས“ནས་ཆང་བསྙལ་བར་ཉིན་3འགོར་གྱི་རེད། བསྙལ་ཐེངས་གཅིག་ལ་སྤྱིའི་ཆ་ནས་རྫ་མ་58ནས་60བར་གྱི་ནས་ཆང་ཐོན་ཐུབ” ཅེས་རྫ་མ་ཆེན་པོ་ཞིག་ལ་མཛུབ་མོ་བཙུགས་ཏེ་བརྗོད་པ་དང་། ཡང་ཆང་རྐྱན་ཞིག་ལ་མཛུབ་མོ་བཙུགས་ཏེ“དེ་གནའ་སྔ་མོའི་ཅ་ལག་རེད། སྔོན་ཆད་ཡུལ་མིས་ཕྱུགས་འཚོ་སྐབས་ཆང་རྐྱན་ཁུར་ནས་ཕྱུགས་འཚོ་གིན་དུ་ཆང་འཐུང་གི་ཡོད”ཅེས་བརྗོད།

    “ཆང་ཁྱིམ་ནས་ཆང”བྲོ་བ་ཞིམ་པ་མ་ཟད། ལུས་ཁམས་བདེ་སྲུང་གི་ནུས་པའང་ལྡན་ཡོད། བློ་བཟང་རྡོ་རྗེས“ཆང་ཚད་རན་པོ་བཏུང་ན་ཁྲག་ཤེད་དམའ་བའི་ནད་པའི་ཁྲག་ཤེད་སྙོམས་ཐུབ་པ་དང་། ཁྲག་འཁོར་རྒྱུག་ཇེ་མགྱོགས་སུ་གཏོང་ཐུབ་སྟེ་གཉིད་ཡག་པོ་ཁུག་ཐུབ་ལ་ངལ་དུབ་ཀྱང་སེལ་ཐུབ”ཅེས་བརྗོད།

    སྐབས་རིམ་བྱུང་གི་འཕྱོངས་རྒྱས·ཆང་ཁྱིམ་ནས་ཆང་རིག་གནས་དུས་ཆེན་སྐབས། ཆང་ཁྱིམ་གྲོང་ཚོར་མི་ཚོགས་ཀྱིས་ཁེངས་ཤིང་། གར་སྟེགས་ཀྱི་ཐག་ཉེ་སར་ཉར་ཚགས་ཡག་པོ་བྱས་པའི་ནས་ཆང་བསྙལ་བྱེད་ཡོ་བྱད་དང་ནས་ཆང་སོས་པ་བསྒྲིགས་ཡོད་པ་དང་དེའི་གམ་དུ་ནས་ཆང་གི་བྲོ་བ་མྱོང་འདོད་པའི་སྐུ་མགྲོན་གྱིས་ཁེངས་ཡོད། མཁའ་རླུང་ནང་དུ་ཞིམ་མངར་ནས་ཆང་གི་དྲི་བསུང་ལྷང་ལྷང་འཐུལ་ཞིང་། སྐུ་མགྲོན་ཚོས་སྙན་པའི་ཆང་གཞས་ཉན་བཞིན་ཞིམ་མངར་ནས་ཆང་གི་བྲོ་བ་མྱོང་བཞིན་ཡོད། སེམས་རྩ་འཁོལ་བའི་འཕྱོངས་རྒྱས་པས་སྐུ་མགྲོན་ཚོར་ནས་ཆང་བཀྱག་པ་དང་ཆང་གཞས་གཏོང་བ་སོགས་བྱས་ཏེ་སྐུ་མགྲོན་དང་ལྷན་དུ་ཞིམ་མངར་ལེགས་ཆང་གིས་མྱོས་པར་བྱེད་དོ།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།