དབུ་ཤོག>བོད་ཀྱི་རིག་གནས།>བོད་རིག་པ།
  • རྒྱ་བོད་གསར་འགྱུར་ལོ་ཙཱའི་སྐྱོན་དང་སྐྱོན་སེལ་ཅུང་ཟད་གླེང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ཟླ་བ་ཚེ་རིང་།    |     སྤེལ་དུས།  2025-04-10

    རྒྱ་བོད་གསར་འགྱུར་ལོ་ཙཱ་ནི་མི་རིགས་དབར་གྱི་འབྲེལ་ཟམ་དང་། རིག་གནས་ངོ་སྤྲོད་དག་སྲིད་ཇུས་དྲིལ་བསྒྲགས་སོགས་ལ་ནུས་པ་ཆེན་པོ་བཏོན་ཡོད། ཆུ་ཚད་མཐོ་བའི་རྒྱ་བོད་གསར་འགྱུར་བསྒྱུར་ཡིག་གིས་བོད་ཀྱི་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ལ་རྒྱལ་སྤྱི་རྒྱལ་ནང་གི་གནས་ཚུལ་རྒྱུས་ལོན་དང་ཤེས་རྟོགས་བྱེད་པར་སྐར་ཁུང་ལྟ་བུ་བསྐྲུན་པ་མ་ཟད། མི་རིགས་དབར་གྱི་མཐུན་སྒྲིལ་ཆེན་པོ་ཟབ་ཏུ་གཏོང་བར་ནུས་པ་ལྷག་པོ་བཏོན་ཡོད། ཡིན་ནའང་དེང་གི་དུས་སུ་རྒྱ་བོད་གསར་འགྱུར་ལོ་ཙཱའི་སྤུས་ཚད་ཀྱིས་རྐྱེན་པས་མི་རྣམས་ཀྱིས་བོད་ཡིག་གསར་འགྱུར་ལོ་ཙཱར་ལྟ་སྟངས་དེ་ཙམ་ཡག་པོ་མེད་པས། བོད་ཡིག་གསར་འགྱུར་ལོ་ཙཱའི་སྤུས་ཚད་དང་ལོ་ཙཱ་བའི་ཚུ་ཚད་གོང་མཐོར་གཏོང་རྒྱུ་དེ་མིག་སྔའི་ཁ་ཚ་དགོས་གཏུགས་ཀྱི་བྱ་བ་ཞིག་ཏུ་གྱུར་ཡོད། 

    དང་པོ། རྒྱ་བོད་གསར་འགྱུར་ལོ་ཙཱའི་གནད་དོན།

    (༡) སྐད་ཡིག་དང་རིག་གནས་ཀྱི་ཁྱད་པར་གྱིས་བསྒྱུར་ཡིག་ལ་དཀའ་རྙོག་འཕྲད་པ།

    རྒྱ་ཡིག་དང་བོད་ཡིག་ནི་སྐད་ཡིག་གི་རིགས་མི་འདྲ་བ་གཉིས་ཡིན་པས། བརྡ་སྤྲོད་ཀྱི་ཚིག་གྲུབ་དང་། ཚིག་གི་དོན་སྙིང་། བརྗོད་སྟངས་སོགས་ཀྱི་ཐོག་ནས་ཁྱད་པར་མངོན་གསལ་མཆིས། དཔེར་ན། རྒྱ་ཡིག་གིས་དོན་གྱི་འབྲེལ་བ་ལ་གཙོ་བོ་བྱེད་པ་དང་། བོད་ཡིག་གིས་ཚིག་གི་རྣམ་པ་ལ་གཙོ་བོ་བྱེད་པ། གསར་འགྱུར་གྱི་ནང་དུ་ལོ་རྒྱུས་ཀྱི་གཏམ་རྒྱུད་དང་མི་སེར་གྱི་སྐད་ཆ་སོགས་སྤྱོད་པས། ལོ་ཙཱ་བས་རྒྱ་བོད་ཀྱི་རིག་གནས་ལ་གོ་བ་གཏིང་ཟབ་མ་བླངས་ན། གོ་བ་ལོག་པ་དང་གོ་བ་འཁྲུལ་བ་ལ་སོགས་པའི་བསྒྱུར་དོན་འབྱུང་སྲིད། དཔེར་ན། “鳄鱼之泪”ཞེས་པ་ཐད་སྒྱུར་བྱས་ན་ཆུ་སྲིན་གྱི་མིག་ཆུ་ཞེས་ཡིན་པས་དེ་ལྟར་བསྒྱུར་ན་བུ་ཡིག་ཀློག་པ་པོས་དེའི་བསྟན་དོན་ཏིལ་འབྲུ་ཙམ་ཡང་གོ་མི་ཐུབ་པ་མ་ཟད་དེ་ལས་ལྡོག་སྟེ་ཐེ་ཚོམ་དང་དོགས་འཆར་གཞན་ཡང་སྐྱེ་སྲིད། དེར་བརྟེན་ང་ཚོས་དེ་ཉིད་ངེས་པར་དུ་དོན་སྒྱུར་བྱེད་དགོས་ཏེ། “鳄鱼之泪”ཞེས་པ་བོད་ཡིག་ཏུ་མི་སྡུག་སྡུག་མདོག་བྱེད་པའི་དོན་ལ་གོ་བས་ཆུ་སྲིན་གྱི་མིག་ཆུ་ཞེས་པར་བསྒྱུར་ན་མི་འོས། ཚོན་མདོག་ནས་བརྗོད་ན། ཚོན་མདོག་དང་མི་རིགས་ཀྱི་རིག་གནས་དང་སེམས་ཁམས་ཀྱི་འབྲེལ་བ་ཧ་ཅང་ཆེན་པོ་ཡོད། རྒྱ་རིགས་བློ་མཐུན་གྱིས་དགེ་སྐྱོན་དང་བཟང་ངན་དེ“红与黑”དམར་པོ་དང་ནག་པོས་མཚོན་པར་བྱེད་ཀྱི་ཡོད་ཅིང་། བོད་རིགས་ཀྱིས“白与黑”ཞེས་དཀར་པོ་དང་ནག་པོས་མཚོན་པར་བྱེད་ཀྱི་ཡོད། དེར་བརྟེན“红心”ཞེས་པ་དེ་སེམས་པ་དམར་པོ་ཞེས་པར་སྒྱུར་མི་རུང་བར་བློ་སེམས་དཀར་པོའམ་བློ་དཀར་སེམས་དཀར་ཞེས་སྒྱུར་དགོས་པ་དང་།“一颗红心为党工作”ཞེས་པ་དེ་བློ་དཀར་སེམས་དཀར་ཁྱེར་ནས་ཏང་གི་ཆེད་དུ་ལས་ཀ་བྱེད་ཅེས་པར་བསྒྱུར་ན་སྒྱུར་བྱེད་སྐད་ཡིག་གི་བརྡ་སྤྲོད་གཞུང་དང་། རིག་གནས་གོམས་གཤིས། འདུ་ཤེས་འཛིན་སྟངས། མཛེས་ཆོས་ཀྱི་ལྟ་བ་དང་མཐུན་ཡོད། 

    (༢) ཐ་སྙད་འགྱུར་མ་གཅིག་གྱུར་མེད་པ།

    དུས་རབས་གསར་པར་ཐ་སྙད་གསར་པ་ཆར་རྗེས་ཀྱི་སྤང་ལ་ཤ་མོ་བརྡོལ་པ་ཇི་བཞིན་ཐོན་པ་མ་ཟད། སྤྱི་ཚོགས་འཕེལ་རྒྱས་ཀྱི་བགྲོད་དང་བསྟུན་ནས་ཐ་སྙད་གསར་པ་དེ་དག་གསར་འགྱུར་རྩོམ་ཡིག་གི་ཞིང་ས་གཤིན་པོར་རྩ་བ་ཚུགས་ནས་ཡལ་འདབ་རྒྱས་ཡོད། རྒྱ་བོད་གསར་འགྱུར་བསྒྱུར་ཡིག་གི་ཁྲོད་དུ་ཐ་སྙད་བསྒྱུར་ཡིག་ལ་གཅིག་གྱུར་མེད་པའམ་བེད་སྤྱོད་གཅིག་གྱུར་གཏོང་བའི་འདུ་ཤེས་ཟབ་ཏུ་གཏོང་གལ་ཆེན་པོ་ཡོད། ཐ་སྙད་གསར་པ་དེ་དག་བེད་སྤྱོད་གཅིག་གྱུར་མ་བྱུང་བའི་ཉེར་ལེན་ལས། རྒྱ་ཆེའི་བོད་ཡིག་གསར་འགྱུར་ཀློག་པ་པོས་གསར་འགྱུར་གྱི་ནང་དོན་ཤེས་རྟོགས་བྱེད་པར་དཀའ་ངལ་སྤྲད་པ་མ་ཟད། བོད་ཡིག་གི་ཐ་སྙད་ཀྱི་རྣམ་གཞག་ཡར་རྒྱས་སུ་གཏོང་བར་ཡང་འགོག་རྐྱེན་བཟོས་ཡོད། དཔེར་ན། "人工智能" ཞེས་པའི་ཐ་སྙད་ལ་བོད་ཡིག་ཏུ་བསྒྱུར་ཚུལ་སྣ་ཚོགས་ཡོད་ཅིང་། 人工智能 ཞེས་པའི་ཐ་སྙད་ཀྱི་འབྱུང་ཁུངས་དབྱིན་ཡིག་ལ་བལྟས་ན་Artificial དང་intelligence ཞེས་པའི་མིང་ཚིག་གཉིས་ལས་གྲུབ་པ་དང་། Artificialནི་བཅོས་པ་དང་། intelligenceཟེར་ན་རིག་པ་ཅེས་པའི་དོན་ཡིན་པས། Ai ལ་བཅོས་རིག་ཅེས་སྤྱོད་མཁན་ཡོད་པ་དང་། ཡང་ཁག་གཅིག་གིས人工智能ཞེས་རྒྱ་སྐད་ལ་གཞི་བཅོལ་ནས་མིས་བཟོས་རིག་ནུས། རྩོལ་བྱུང་རིག་ནུས། མི་ཐབས་རིག་ནུས་སོགས་སྤྱོད་མཁན་ཡོད་པས། ཐ་སྙད་བསྒྱར་ཡིག་ལ་གཅིག་གྱུར་དེ་ཙམ་ཡོང་གི་མེད།

    (༣) ལོ་ཙཱ་བ་འཚོ་བར་ཟབ་འཇུག་མི་འདང་བ།

    རྒྱ་བོད་གསར་འགྱུར་ལོ་ཙཱ་བར་ཤེས་ཡོན་གྱིས་ཕྱུག་ནའང་། འཚོ་བའི་ཉམས་མྱོང་དང་། མང་ཚོགས་དང་འབྲེལ་འདྲིས་བྱེད་རྒྱུ་མི་འདང་བས། སྐབས་རེ་ལོ་ཙཱ་དང་འཚོ་བ་ཕྱོགས་གཉིས་སུ་ཁ་གྱེས་ནས་ཐག་ཇེ་རིང་ནས་ཇེ་རིང་དུ་འགྱུར་བཞིན་ཡོད། དཔེར་ན། “公牦牛 ”、“母牦牛”、 “公黄牛”、 “母黄牛”ཞེས་པ་བོད་ཡིག་ནང་ལོ་ཙཱ་བས་གཡག་ཕོ་དང་གཡག་མོ། ཕོ་གླང་། མོ་གླང་ཞེས་པར་བསྒྱུར་ཡོད་པ་དང་། “公马”、 “母马 ”ཞེས་པར་ཁ་ཤས་ཀྱིས་རྟ་ཕོ་དང་རྟ་མོ་ཞེས་

    བསྒྱུར་ཡོད། དེ་དག་ནི་འཚོ་བར་ཟབ་འཇུག་མེད་པའམ་འཚོ་བའི་ཉམས་མྱོང་ཞན་པ། མང་ཚོགས་དང་འབྲེལ་འདྲིས་མི་འདང་བ་ལས་ལྷག་པའི་སྐྱོན་ཆ་ཞིག་རེད། དོན་དུ་རྒྱ་ཆེའི་ཞིང་འབྲོག་ས་ཁུལ་དུ་ “公牦牛 ”、“母牦牛”、 “公黄牛”、 “母黄牛”ཞེས་པར་གཡག་དང་། འབྲི། གླང་། བ། ཞེས་འབོད་པ་དང་། “公马”、 “母马 ”ལ་རྟ་གསེབ་དང་རྟ་རྒོད་མ་ཞེས་སུ་སྒྱུར་དགོས། 

    དེས་ན་གསར་འགྱུར་ལོ་ཙཱ་བས་མང་ཚོགས་ཀྱི་ཁྲོད་དུ་ཉེ་བར་བཅར་ནས་མང་ཚོགས་ཀྱི་སྐད་ཆའི་གོམས་སྲོལ་དང་མང་ཚོགས་ཀྱི་ཁྲོད་དུ་ཡོངས་ཁྱབ་ཀྱིས་བཀོལ་སྤྱོད་བྱེད་པའི་ཐ་སྙད་རྣམས་ལ་སློབ་སྦྱོང་དང་བེད་སྤྱོད་བྱེད་རྒྱུར་དོ་སྣང་བྱེད་གལ་ཤིན་ཏུ་ཆེ་སྟེ། མང་ཚོགས་ཀྱི་སྐད་ཆར་གསོན་ཉམས་དོད་པ་དང་། གོ་བདེ་བ། མིང་བརྡ་ཡུལ་ལ་འཇུག་པ་བཅས་ཀྱི་ཁྱད་ཆོས་ལྡན་པས་སོ།

    གཉིས་པ། རྒྱ་བོད་གསར་འགྱུར་ལོ་ཙཱའི་སྐྱོན་སེལ། 

    (༡) སྐད་ཡིག་དང་རིག་གནས་ལ་སྦྱངས་པ་ཆེར་སྐྱེད་བྱེད་པ། 

    དེའང་ལོ་ཙཱ་བས་ཆབ་ཆོབ་བཅོ་བརྒྱད་རྒྱུད་ལ་འཇགས་པར་བྱེད་དགོས་པ་མ་ཟད། ལྷག་པར་དུ་བསྒྱུར་བྱ་སྒྱུར་བྱེད་ཀྱི་ཆུ་ཚད་མཐོ་རུ་གཏོང་དགོས། གལ་ཏེ་བསྒྱུར་བྱ་སྒྱུར་བྱེད་དེ་རྒྱ་བོད་ཡིག་རིགས་གཉིས་ཀྱི་ཆུ་ཚད་མཐོན་པོ་དེ་ཙམ་མེད་ན་རྒྱ་བོད་ལོ་ཙཱར་དཀའ་ངལ་ངེས་ཅན་ཞིག་འཕྲད་སྲིད། དེ་ཡང་རྒྱ་ཡིག་བོད་ཡིག་ཏུ་ཕབ་སྒྱུར་བྱེད་སྐབས། རྒྱ་ཡིག་གི་ཆུ་ཚད་མཐོན་པོ་མེད་ན་མ་ཡིག་ལ་གོ་བ་ཡང་དག་པ་ཞིག་ལོན་མི་ཐུབ་པས། མ་ཡིག་གི་དོན་དང་མཐུན་པར་སྒྱུར་དཀའ། དེ་བཞིན་བོད་ཡིག་གི་ཆུ་ཚད་མཐོན་པོ་མེད་ན་རྗོད་བྱེད་ཚིག་གོ་བདེ་བ་དང་དོན་ལ་འཇུག་པོ་ཞིག་ཡོང་དཀའ། དེར་བརྟེན་རྒྱ་བོད་ཡིག་རིགས་གཉིས་ཀྱི་ཡིག་སྒྱུར་བར་སྐད་ཡིག་དེ་གཉིས་ཀྱི་ཆུ་ཚད་མཐོན་པོ་ལྡན་དགོས་པས་དུས་རྒྱུན་ནས་འབད་བརྩོན་བྱེད་གལ་ཆེ། དཔེར་ན།醉翁之意不在酒ཞེས་པ་སྒྱུར་དུས་མ་ཡིག་དང་བུ་ཡིག་གཉིས་ཀྱི་ཆུ་ཚད་མཐོན་པོ་བྱུང་ཚེ། “ཨབ་ཅོར་ལ་ཡ་ང་བ་མ་རེད། རྡོག་ཁྲེས་ལ་ཤ་ཚ་བ་རེད” ཅེས་ལས། “ཆང་འཐུང་པའི་བསམ་ཚུལ་ཆང་ལ་མེད”ཅེས་པར་སུ་ཡིས་བསྒྱུར་འདོད།

    (༢) ལོ་ཙཱ་བའི་ཤེས་པའི་རྒྱ་སྐྱེད་དགོས་པ། 

    གསར་འགྱུར་གྱི་བརྗོད་བྱར་སྲིད་དཔལ་རིག་གསུམ་གྱིས་གཙོས་པའི་ནང་དོན་སྣ་ཚོགས་ཡོང་ངེས་པས། ལོ་ཙཱའི་ལག་ལེན་ཁྲོད་དུ་ལོ་ཙཱ་བར་བསྒྱུར་བྱའི་ནང་དོན་ལོ་རྒྱུས་དང་། རྩོམ་ཡིག ཆབ་སྲིད། ས་ཁམས་སོགས་འདྲ་མིན་སྣ་ཚོགས་མི་འཕྲད་ཅི་ལ་སྲིད། དེར་བརྟེན་གསར་འགྱུར་ལོ་ཙཱ་བར་སྣེ་མང་ཕྱོགས་བསྡུས་ཀྱི་ཤེས་བྱ་ལྡན་དགོས། གལ་ཏེ་དེ་ལྟར་མ་བྱུང་ཚེ་གསར་འགྱུར་གྱི་ནང་དོན་བསྒྱུར་ཁུལ་བྱས་ཀྱང་བསྒྱུར་ཡིག་གི་སྤུས་ཚད་ཡག་པོ་ཞིག་ཡོང་མི་སྲིད་པས། ང་ཚོས་ཕྱོགས་གང་ཅི་ནས་ཤེས་པའི་རྒྱ་སྐྱེད་རྒྱུར་ཤུགས་སྣོན་དང་ཉམས་འཇོག་བྱེད་དགོས། དཔེར་ན། 人体的生理和病理、疾病的诊断、疾病的治疗、人体的胚胎发育ཞེས་པ་སྒྱུར་སྐབས། རྣམ་ཀུན་ནས་བོད་ཀྱི་གསོནབ་རིག་པའི་ཐད་ཀྱི་ཐ་སྙད་དང་བརྗོད་པའི་གོམས་གཤིས་སོགས་ལ་དོ་སྣང་དང་འབྲེལ་ཡོད་ཤེས་བྱ་གསོག་འཇོག་མེད་ན་人体的生理和病理ལ་མིའི་ལུས་ཁམས་དང་ནད་ལུགས་ཞེས་པ་དང་། 疾病的诊断ལ་ནད་ཀྱི་བརྟག་དཔྱད་ཅེས་རང་ཉིད་གཅིག་པུས་མ་གཏོགས་གཞན་སུ་ཞིག་གིས་ཀྱང་གོ་མི་ཐུབ་པ་ཞིག་ཏུ་ བསྒྱུར་ངེས། དོན་དུ་དེ་དག་ལ་རིམ་པ་བཞིན་དུ་གནས་ལུགས་ནད་གཞིའི་རྩ་བ་དང་། ངོས་འཛིན་རྟགས་ཀྱི་རྩ་བ། གསོ་བྱེད་ཐབས་ཀྱི་རྩ་བ། ལུས་ཀྱི་ཆགས་ཚུལ་བསྟན་པ་བཅས་སུ་བསྒྱུར་ན། བསྒྱུར་བའི་དོན་དང་མི་འགལ་ལ། སྒྱུར་བྱེད་སྐད་དུའང་གོ་བདེ་ཞིང་ངག་ནས་བརྗོད་བདེ་བ་ཞིག་བྱུང་ཡོད།

    (༣)ཐ་སྙད་གཅིག་གྱུར་དང་ཚད་ལྡན་ཡོང་བར་བྱེད་པ།

    སྤྱིར་ངག་གི་སྦྱོར་བ་ཐམས་ཅད་མིང་དང་ཚིག་གིས་གྲུབ་ཅིང་། མིང་གི་ཐ་སྙད་ནི་སྐད་ཡིག་སྦྱོང་སྤྱོད་སྤེལ་བའི་བདག་ཉིད་དུ་གྲུབ་པ་ཡིན། ཇི་སྐད་དུ་ལྕང་སྐྱ་རོལ་པའི་རྡོ་རྗེས། “ལོ་ཙཱ་བ་དུ་མས་སོ་སོ་རང་རང་གི་འདོད་པས་ཐ་སྙད་མི་མཐུན་པ་སྣ་ཚོགས་སྦྱར་ཚེ་ཐོས་བསམ་བྱེད་པ་རྣམས་ཀྱིས་རྟོགས་དཀའ་བ་སོགས་ཉེས་པ་དུ་མའི་གཞིར་གྱུར་རོ”ཞེས་གསུངས་པ་ལྟར་ད་ལྟའི་དུས་སུ་ཐ་སྙད་མི་མཐུན་པ་དང་མིང་བརྡ་གཅིག་གྱུར་གྱི་ཕྱོགས་སུ་ཡིད་འཇོག་དེ་ཙམ་མི་བྱེད་པ་མ་ཟད། གཅིག་གྱུར་བཅོས་ཟིན་པ་ལག་ལེན་གྱི་ཁྲོད་དུ་མི་སྤྱོད་པ་སོགས་ཀྱི་སྣང་ཚུལ་ལས་ཀློག་པ་པོར་ཚད་འཛིན་སའི་མིང་ཚིག་གི་གཞི་མེད་པར་འགྱུར་བཞིན་འདུག ཉེ་བའི་དུས་ཀྱི་གསར་འགྱུར་ལོ་ཙཱའི་སྐབས་ཀྱི་ཐ་སྙད་གསར་པའི་བཀོལ་སྤྱོད་ཀྱི་སྣང་ཚུལ་ལ་བལྟས་ན། ས་གནས་སོ་སོ་དང་གསར་འགྱུར་ལས་ཁུངས་སོ་སོའི་ལོ་ཙཱ་བས་བཀས་བཅད་ཟིན་པའི་ཐ་སྙད་གསར་པ་དེ་དག་བཀོལ་སྤྱོད་བྱེད་སྐབས་གཅིག་གྱུར་མེད་པའི་གནས་ཚུལ་ཐོན་བཞིན་འདུག གསར་འགྱུར་ལོ་ཙཱའི་བྱ་གཞག་ལ་མཚོན་ན། གལ་སྲིད་གསར་འགྱུར་ལོ་ཙཱའི་ལག་ལེན་ནང་ཐ་སྙད་དེ་དག་བོད་སྐད་དུ་རྒྱུན་སྤྱོད་དང་བེད་སྤྱོད་གཅིག་གྱུར་མ་ཐུབ་ཚེ། གསར་འགྱུར་མ་ཡིག་གི་གོ་དོན་རྣམས་བུ་ཡིག་ཏུ་སྒྱུར་བའི་སྐབས་སུ་ཡང་དག་པ་དང་ཆ་ཚང་བ་ཞིག་ཡོང་དཀའ་བས། གསར་འགྱུར་ལོ་ཙཱའི་སྤྱི་ཚོགས་ཀྱི་ཕན་འབྲས་ཆུང་དུ་འགྲོ་བ་དང་ཡུལ་ལུང་སོ་སོའི་བར་བརྡ་འཕྲིན་དང་བསམ་བློ། རིག་གནས་སོགས་བརྗེ་རེས་བྱེད་པའི་འགལ་རྐྱེན་དུ་གྱུར་ཉེན་ཆེ་བས། གསར་འགྱུར་ལོ་ཙཱའི་ལས་གནས་ཐོག་ཡོད་པའི་ལོ་ཙཱ་བ་རྣམས་ཀྱིས་གསར་ཐོན་ཐ་སྙད་གཅིག་གྱུར་དང་ཚད་ལྡན། ཁྱབ་གདལ་བཅས་ཀྱི་འགན་འཁྲི་ཕྲག་ཏུ་ཁུར་ཏེ་བཀས་བཅད་ཟིན་པའི་ཐ་སྙད་རྣམས་གཅིག་གྱུར་བེད་སྤྱོད་བྱས་ནས་གསར་འགྱུར་ལོ་ཙཱའི་བྱ་གཞག་མུ་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྲ་ཞིང་བརྟན་པའི་རྨང་གཞི་འདིང་དགོས།

    གསུམ་པ། མཇུག་བསྡུ་བ། 

    བརྒྱ་བཤད་སྟོང་བཤད་བྱས་ཀྱང་། ཡོས་ལ་འབབ་རྒྱུ་རྩམ་པ་ཞེས་པའི་དཔེ་ལྟར། རྒྱ་བོད་གསར་འགྱུར་ལོ་ཙཱའི་སྐྱོན་དང་སྐྱོན་སེལ་བརྗོད་ནས། མཐར་གཏུགས་གསར་འགྱུར་ལོ་ཙཱའི་ཆུ་ཚད་གོང་མཐོར་གཏོང་དགོས་པ་ཡིན་ཞིང་། རྒྱ་ཆེའི་གསར་འགྱུར་ལོ་ཙཱ་བ་རྣམས་ཀྱིས་གོང་དུ་བརྗོད་པའི་གསར་འགྱུར་ལོ་ཙཱའི་སྐྱོན་རྣམས་རྡོ་ལ་རི་མོ་བརྐོས་པ་ཇི་བཞིན་ཡིད་ལ་བརྟན་པོར་བཟུང་སྟེ། སྐད་ཡིག་དང་རིག་གནས་ལ་སྦྱངས་པ་ཆེར་སྐྱེད་བྱེད་པ་དང་། ལོ་ཙཱ་བའི་ཤེས་པའི་རྒྱ་སྐྱེད་པ། ཐ་སྙད་གཅིག་གྱུར་དང་ཚད་ལྡན་ཡོང་བར་བྱེད་པ་བཅས་ལ་འབད་པ་ལྷུར་ལེན་གྱིས་གསར་འགྱུར་ལོ་ཙཱའི་བྱ་གཞག་ལ་སླར་ཡང་འོད་སྟོང་གསར་པ་ཞིག་འཕྲོ་བར་བྱེད་དགོས།

    ( བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས། བོད་ཡིག་རྩོམ་སྒྲིག་པུའི་ཟླ་བ་ཚེ་རིང་། )

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།