དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • བྱིས་པའི་སྙན་ངག་ཁག་ལྔ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  དཔལ་ལྡན་ལྷུན་གྲུབ།   |     སྤེལ་དུས།  2025-04-08

    མཚན་མོ།

    ཉིན་མོར་བྲེལ་འཚུབ་ཆེ་བའི་མི་རྣམས།

    ཁུ་སིམ་མེར། མཚན་མོའི་པང་དུ་ཉལ།

    མུན་པའི་མལ་གོས་གྱོན་པའི་ནམ་མཁར།

    སྐར་མ་ཁྲི་སྟོང་མང་པོ་ཉིན་མོའི་མི་ལྟར།

    བྲེལ་འཚུབ་ཀྱིས་མིག་ཟུམ་ཀེམ་ཀེམ་གཡོ་བར་བྱེད།

    ཟླ་བ།

    མཚན་མོའི་ཟླ་བ་ནི།

    ཨ་མ་ལགས་ཀྱིས་བཟོས་པའི་བག་ལེབ་ཆེན་པོ་ཞིག་དང་འདྲ།

    ཚེས་གཅིག ཚེས་གཉིས། ཚེས་གསུམ།

    ……

    ཇེ་ཆེ་ནས་ཇེ་ཆེར་འཕེལ་བའི་བག་ལེབ།

    ནམ་མཁའི་མཐོངས་སུ་བཀལ་འདུག

    མཚན་མོའི་ཟླ་བ་ནམ་མཁར་བཀལ་ཡོད།

    གཟའ་ཨོག་རལ། སྐར་མ་སྨིན་དྲུག

    བྱང་སྐར་སྤུན་བདུན།

    ……

    རྒྱུ་སྐར་མང་པོ་འཚང་ག་ཤིག་ཤིག་གིས།

    བག་ལེབ་ཟ་བར་བརྔམས་ནས་འདུག

    གནམ་གང་གི་ནམ་མཁའ་ནི།

    ཁོག་སྟོང་ཞིག་སྟེ།

    ཟླ་བ་མཐོང་ཡས་མེད།

    བག་ལེབ་བཟས་ཟིན་པས།

    ང་རང་སླར་ཡང་གྲོད་པ་ལྟོགས་བྱུང་།

    གློག་སྒྲོན།

    མཚན་མོ་སྲུང་བའི་གློག་སྒྲོན།

    ལམ་འགྲམ་དུ་གྱད་མི་ལྟར་འགྲེང་།

    ཁང་པའི་མདོ་སྦུག་ཚང་མ།

    ཉིན་མོ་ལྟར་གསལ་བའི་གློག་སྒྲོན་གྱིས་བཀང་།

    གལ་ཏེ། གློག་སྒྲོན་མེད་ན།

    ནམ་མཁའ་འདི་མཚན་མོ་ཁོ་ནར་དབང་ངེས།

    ལོ་གསར།

    སྤོ་བོ་ལགས་ཀྱིས་ལོ་གསར་སྐོར་གྱི་གཏམ་རྒྱུད་གླེང་།

    པཱ་ལགས་ཀྱིས་ནན་ཏན་ངང་སྡེར་ཁ་བསྒྲིགས། ཕྱེ་མར་བཟོས།

    ཨ་མ་ལགས་ཀྱིས་བྲེལ་འཚུབ་ངང་གྱོན་གོས་གསར་པ་གྲ་སྒྲིག་བྱས།

    ནང་མི་ཚང་མ་ཆང་སྐོལ་འཐུང་ཞོར།

    བཀྲ་ཤིས་བདེ་ལེགས་ཀྱི་ཁ་གཡང་སྒྲོག

    གཅེན་པོ་དང་གཅེན་མོ།

    རི་མགོར་ལྷ་བསང་གཏོང་བར་བསྐྱོད།

    གཅུང་པོ་དང་གཅུང་མོ།

    སྒོ་རའི་ནང་ཨ་ལྕུག་གི་རྩེད་མོར་གཡེངས།

    ཤོག་སྦག་གི་གླུ་སྒྲའི་ཁྲོད།

    ང་རང་སྲིན་འབུ་མེ་ཁྱེར་བཞིན་འོད་ལ་ཕྱོགས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།