དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • དཔྱིད་ཀྱི་དཔལ་མོ་ཚེ་ཆོག་གླིང་དུ་བྱོན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     རྩོམ་པ་པོ།  དགའ་བོ་སྨྱུག་གྲོང་དཔལ་མཆོག   |     སྤེལ་དུས།  2025-04-06

    དཀར་ནག་ལེགས་ཉེས་འབྱེད་པའི་སྤྱི་འགྲོས་དང་། སྤངས་བླངས་ཚད་མར་འཇོག་པའི་རྩིས་གཞུང་ལྟར། གངས་རིའི་ལྗོངས་སུ་རབ་རྒྱན་ཤིང་སྦྲུལ་ལོའི་གནམ་ལོ་གསར་ཚེས་ཤར་ནས་སྐབས་ཤིག་འདས། ད་ནི་དབུས་གཞུང་ཉི་འོད་གྲོང་གི་མཁའ་ལ་ཡང་ཡང་འཁྲིགས་པའི་དྲོད་རླངས་དར་སྲབ་ཅན་དེ་དཔྱིད་དཔལ་སྒེག་མོ་ཡིན་ནམ། བྱིན་ཆགས་འོ་ཐང་གསེར་གྱི་ས་གཞིའི་ལྷོ་བྱང་ན། བཀྲ་ཤིས་རྟགས་བརྒྱད་ཚང་བའི་རི་རབ་ཀྱི་དབུ་ཐོད་ལ་བཅིངས་པའི་ཀ་ཅིའི་ལ་ཐོད་དཀར་པོའང་དཔྱིད་དཔལ་སྒེག་མོ་དེ་ཨེ་ཡིན། དགུན་གསུམ་ཆབ་རོམ་གྱི་རྙི་ལས་གྲོལ་ཞིང་། ཆུ་རིས་ལས་འཇའ་འོད་ཆེམ་ཆེམ་འཕྲོ་བའི་སྐྱིད་ཤོད་ཀྱི་གྲོག་ཆུའང་དཔྱིད་དཔལ་སྒེག་མོ་དེ་ཡིན་ནམ། སྣང་བྱེད་ཉི་མའི་དྲོད་འཇམ་གྱིས་བྱིལ་བྱིལ་ལན་མང་མཛད་པའི་མངར་ཁམ་མེ་ཏོག་ཆུང་ངུའང་དཔྱིད་དཔལ་སྒེག་མོ་དེ་ཨེ་ཡིན། བསུང་ངད་འཐུལ་བའི་འབྲས་ཤིང་གི་ལྕུག་ཕྲན་རྩེ་མོར་ཅིར་ཅིར་གསུང་སྙན་སྒྲོག་པའི་བྱེའུ་ཆུང་དེ་ཚོའང་དཔྱིད་དཔལ་གྱི་ཕོ་ཉ་ཡིན་ནམ།

    ཀྱེ་ཀྱེ། དགྱེས་སྟོན་རྟེན་འབྲེལ་གྱི་སྤྲོ་བ་ཞིང་ཁམས་སྤྱི་ལ་ཁྱབ་ཅིང་། ལེགས་འབྱུང་འདོད་རྒུའི་སྨོན་ཚིག་གྲོང་དང་ཁང་ཁྱིམ་ཀུན་ནས་གྲགས། བགྲང་བའི་ཐོག་མར་བརྩི་བའི་མཆུ་ཟླ་བའི་དབུ་ཚུགས། ཚེ་ཆོག་གླིང་རི་གྲོང་གི་གསར་སྐྲུན་སྐྱེད་མོས་ཚལ་ནང་། དགོང་ལྟར་རན་པོའི་རྩོལ་བཅག་ལ་གོམས་པའི་ངེད་ཁྱོ་ཤུག་ཟུང་གིས། གོ་ལའི་ཡང་རྩེར་འགྱིང་ངེར་གནས་པའི་ཕོ་བྲང་ལ་རྒྱང་མཇལ་ཡང་ཡང་ཞུ་བར་ཐལ། གལ་ཏེ་དམར་པོ་རིའི་ཞོལ་གྲོང་ལ་ཡོད་ན། ཁམས་གསུམ་རྣམ་རྒྱལ་ཆེན་པོའི་རྒྱན་དུ་བསྒྲོན་པའི་ཡང་རྩེའི་ལྷབ་ལྷུབ་དར་ཤམ། འབྱུང་བཞི་འཁྱུད་པའི་བྲོ་གར་ཏེ་ཁྲག་ཁྲིག་སྣང་བའི་སྨིག་རྒྱུ་བཞིན་ཤིག་ཤིག་ཏུ་གཡོ་བ་ནི། དཔྱིད་དཔལ་སྒེག་མོའི་འཇམ་མཉེན་གྱི་ཕྱག་ཟུང་བཞིན། རྒྱལ་ཁམས་ཀུན་གྱི་སྐུ་མགྲོན་ལ་གུས་པའི་ཚུལ་གྱིས་བཀྲ་ཤིས་བསུ་མ་དང་། ཁམས་བདེའི་ཕྱག་གཡུག་མཛད་པ་ཨེ་ཡིན་ལགས།

    དེའང་ཡིན་སྲིད་དེ། བདག་གིས་ལན་གཅིག་ཞུས་ན། མཐའ་ཡས་ཆུ་གཏེར་དྲོས་པའི་སྤྲིན་ཆེན་པོ་དག གངས་ཅན་ལྷོ་ཕྱོགས་ཀྱི་མ་ལ་ཡའི་སྤོས་ངད་དྲི་བཞོན་དང་བསྡོངས་ཤིང་། གཏོས་ཆེ་བའི་གངས་དཀར་ལྕགས་རིའི་ར་བ་བརྒལ་ཏེ། དུས་ཚིགས་འཁོར་ལོའི་མདའ་དར་འཕྱར་བཞིན་དཔྱིད་དཔལ་སྒེག་མོའི་གོང་ཁར་བཙུགས། ད་ནི་འབྱུང་བཞིའི་ངོ་བོ་གཅིག་ལ་འཁྱུད་པས་རྩྭ་སྣ་ལྗོན་པའི་ལྗང་མདོག་མངོན་ཞིང་སྣ་མའི་མེ་ཏོག་ཞལ་ཁ་ཕྱེ། ས་རྒུ་འབུ་སྲིན་གཉིད་ལས་སད་ཅིང་སྲོག་ལྡན་ཀུན་ཡིད་སྤྲོ་བས་མྱོས་དུས་དཔྱིད་ཀྱི་རྒྱལ་མོ་ཁོང་ཚོའང་མོན་ཡུལ་ནས་གཟིགས་མོར་བྱོན་ལ་ཉེ།

    ང་རང་དཔྱིད་ཀྱི་དཔལ་མོའི་ལྗང་མདོག་གི་གསང་བརྡ་ལ་ཧ་ཅང་དགའ། དེ་ནི་མི་ཡུལ་གྱི་ཚ་གྲང་ཤེས་པའི་སྐྱེ་བོར་མཚོན་ན། ཀུན་འབྱུང་གི་སེམས་ཁམས་འདིའི་གཅིག་མཚུངས་ཀྱི་ཚོར་འདུ་ཡིན་སྲིད། འདོད་ཡོན་གྱིས་སྦྱིན་པའི་ཚོར་བ་དང་འདུ་ཤེས་འདི། སྐབས་འགར་ལྗང་མདོག་གི་ཤིང་ལོ་ཞིག་ལས་འབྱུང་སྲིད་ལ། སྐབས་འགར་མེ་ཏོག་ཁྲ་ཆུང་ཞིག་མཐོང་བས་ཀྱང་དགའ་བ་ཚོར་འོང་། དཔྱིད་དཔལ་གྱི་སྒེག་མོ་དེ་ད་ཆ་ཚེ་ཆོག་གླིང་གི་སྐྱེད་ཚལ་ལ་བྱོན་འདུག དཔྱིད་དཔལ་གྱི་དྲི་བསུང་ནི་ཁམ་བུའི་མེ་ཏོག་གི་རྩེ་མོ་ནས་འཐུལ་ཞིང་། བསུང་ངད་ཀྱིས་མྱོས་པའི་བྱ་གག་ངང་ངུར་རྫིང་བུའི་ནང་དུ་མཐུན་སྡེབ་སྙན་དབྱངས་འདོན། རྩོལ་བཅག་དང་ཤེད་སྦྱོང་ལ་དགའ་བའི་སྐྱེས་ཕོ་མོ་རྒན་གཞོན་ཚོས། སྤྱི་པའི་མཉམ་སྤྱོད་སྒྲིག་བཀོད་ཀྱི་ཁྱད་ཡོན་ལོངས་སུ་སྤྱོད་ཀྱིན། དགུན་གསུམ་འཁྱགས་ལ་ཤོར་བའི་དབང་པོ་ཡན་ལག་དང་བཅས་པའི་རྩ་མདུད་བཤིག་པར་བྱེད། གསར་དུ་འབུས་པའི་ལྗང་མདོག་གི་ཡལ་འདབ་ལོ་མའི་སུལ་ན། ཁྲ་ཆིལ་ཁྲ་ཆུང་གི་མེ་ཏོག་འཁྲུངས་པས། སྣ་རིགས་སྤུ་ཚོགས་ཀྱི་རྩི་ཤིང་ལྗོན་པས་ན་ནིང་སེམས་རྟེན་ལ་ཉར་བའི་ཤིང་ལོ་སྐམ་པོར་སེམས་གསོ་མཛད།

    བདག་གིས་ཚེ་ཆོག་གླིང་ལ་བྱོན་པའི་དཔྱིད་དཔལ་འདི་ལ་ཉམས་ལེན་བྱེད་སྐབས། རང་སོ་སོའི་རྣམ་རྟོག་གི་འཆར་ཡན་དེ་ལ་སྲབ་ཐག་བསྐོན་ཏེ། རང་སེམས་རྣལ་དུ་ཕབ་དུས་བསིལ་རླུང་དང་རྩྭ་སྣ་རྩི་ཤིང་གི་ཤུབ་སྒྲ་ཐོས་འོང་ལ། དགའ་སྐྱོ་ཆགས་སྡང་རྣ་རྒྱབ་རླུང་ལ་བསྐུར་དུས་གཞི་ནས་ཕྱི་རོལ་བྱ་དངོས་ཀྱི་ངོ་བོ་དེ་གསལ་བར་བྱེད། རང་སེམས་ལ་དྭངས་སྙིགས་ཕྱེ་སྟེ་དབེན་འཇགས་ཀྱི་ཁྲོད་དུ་འཇིག་རྟེན་གྱི་ཆོས་ཉིད་ལ་ལྟ་སྐབས། ནང་སེམས་འདིའི་སྒྲོན་མེ་ལྟ་བུའི་ལྷན་སྐྱེས་ནུས་པས། དཀར་ནག་ལེགས་ཉེས་དང་དགེ་སྡིག་སྤངས་བླངས་ཀྱི་ཆོས་ཉིད་གསལ་ཏེ། འཁོན་པ་འཛིན་ན་འཁང་རས་ཁེངས་ལ། ཀུན་ལ་གུ་ཡངས་བཏང་སྙོམས་བཅངས་ན། བཀྲ་ཤིས་དགེ་ལེགས་འཕེལ་བའི་བདེན་དོན་རྟོགས་པར་བྱས། ད་ནི་དཔྱིད་དཔལ་འདི་ཡི་དྲན་སྐུལ་དབང་གིས། ཁོ་བོས་བྱིས་བློ་དང་རང་ཤེད་མང་དག་བདེན་པ་ཉག་གཅིག་གི་མེ་ཡིས་བསྲེགས་དུས། ནང་སེམས་ཀྱི་ཐང་རྒོད་འདི་རུ་རྣམ་དཔྱོད་ཀྱི་ལྗོན་པ་འཁྲུངས་ཤིང་། སྣང་བ་སྣང་མེད་ཀྱི་ལོ་འདབ་སུལ་ནས་མཐིང་མདོག་གི་མེ་ཏོག་བཞད་འོང་།

    ས་སྲོད་མ་ཟིན་གོང་། བདག་གིས་ཉིན་ལྟར་གྲོང་ཁྱེར་གྱི་འདུ་འཛི་དང་རྣམ་གཡེང་ལས་གྱེས་ཏེ། འདུ་བྱེད་ཀྱི་ཁེར་སྣང་ལ་ལོངས་སུ་སྤྱོད་ཀྱིན། སྐྱེད་ཚལ་ནང་གི་དཔྱིད་དཔལ་སྒེག་མོའི་ལྗང་མདོག་གི་གསང་བ་དེ་འཇམ་མཉེན་དོད་པའི་དཔྱིད་རླུང་ལ་བསྐུར་དུས། ལྗང་མདོག་གི་ཚོན་སྣའི་ཞལ་ཁྱིམ་ངོམས་པའི་དཔེ་ཆོས་ཏེ། ནགས་ཚལ་དང་མཚོ་མོ། རྩྭ་ཕྲན་དང་ལྗོན་པའི་ལོ་འདབ་སོགས་ལས་གསོན་ཤུགས་ཅན་གྱི་རང་བྱུང་ཁམས་ཆེན་པོའི་ཐ་སྙད་མང་པོ་དྲན་པར་བྱེད། དེས་ན། ལྗང་མདོག་ནི་ཕུགས་འདུན་གྱིས་ཕྱུག་པའི་ཚོས་གཞི་དང་ཚེ་སྲོག་སྦྲུམ་པའི་ཚོས་གཞི་སྟེ། ལྗང་མདོག་གིས་ཡང་ནས་ཡང་དུ་ངེད་ཚོའི་ཀུན་འབྱུང་གི་སེམས་ཁམས་ལ་བྱི་དོར་དང་སྤྲོ་སྣང་སྦྱིན་པར་བྱེད། དེ་བཞིན་སྤྱི་སེམས་ཅན་གྱི་ངལ་རྩོལ་པ་མང་པོས་སྤྱི་མཐུན་གྱི་བསོད་ནམས་སྨིན་ཆེད་དང་། དོན་གོ་ཆེ་བའི་སྟོབས་འབྱོར་མངའ་ཐང་གི་ལོངས་སྤྱོད་ཆེད་དུ། གང་ལྟར་ཉི་འོད་གྲོང་ཞེས་འབངས་རྣམས་ཁང་ཁྱིམ་གྱི་སྒོ་ནས་ཐོན་ན་ཡི་གར་འོང་བའི་མཛེས་ལྗོངས་དང་། རྐང་ཐང་གོམ་ཤས་སྤོས་མུར་ལྗང་མདོག་གི་སྐྱེད་ཚལ་ནང་འབྱོར་བའི་བཀོད་པ་རིམ་བཞིན་ཆགས་པར་བྱེད།

    བདག་ནི་གྲིབ་ཀྱི་ཚེ་ཆོག་གླིང་ཞེས་འཁྱགས་རོམ་ལ་དུང་དཀར་དང་། རི་ལ་བུམ་གཟུགས་ཆགས་པའི་རི་གྲོང་སྐྱིད་པོ་འདི་ལ་ཤིན་ཏུ་དགའ། མ་གཞི་སྔོན་བྱུང་གི་གཏམ་རྒྱུད་ནང་དུ་ཡུལ་ལུང་འདི་ནི། ལྷ་ལུང་དཔལ་རྡོར་རི་ལ་བྲོས་ཤིང་རྟ་ཕོའི་སྡེར་རྗེས་ཐང་ལ་འཇོག་ས་དང་། བཙན་པོའི་བློན་ཆེན་ཡིན་པའི་མགར་གྱི་རིགས་རྒྱུད་ཁྲིམས་ཀྱི་གཉའ་ཤིང་འཁུར་ས། རྟ་ནག་ཤར་སྐྱ་བའི་རྐང་འདྲེན་སྐྱེ་སས་མ་འཁྱོགས་པ་ཞེས་ཁ་སྨྲས་དབུ་ལ་བཞེས་མཁན་སྐྱེས་བུ་དམ་པའི་བཞུགས་གནས། དེ་བས་གྲིབ་ཀྱི་ཁྲལ་པ་དུད་ཁྱིམ་དྲུག་ཅུའི་མི་མུས་རྒྱུད་བཅས་ཀྱི་ཕ་གཞིས་རེད། འོན་ཏེ། དཔྱིད་དཔལ་གྱི་གསང་བརྡ་འདི་འབྱོར་བའི་མུ་ལ། ད་ཆའི་རྒྱལ་ཁབ་རིམ་པའི་རིག་གནས་ཡུལ་སྐོར་བསམ་བཀོད་གླིང་ཞེས། རྒྱ་བཟའ་དང་གྱིམ་ཤིང་ཀོང་ཇོ་གཉིས་ཀྱི་དངོས་མཚོན་ཟློས་གར་ཆེ་མོ་འཁྲབ་གནས་སུ་གྱུར་ལ། ཤར་ན་རི་བཟོ་དོད་པ་མི་འཁྲུག་རྫ་རི་འགྱིང་ངེར་ཆགས། སོ་ཆེན་སྟག་ལུང་རྒྱུད་ཀྱི་རི་རིང་དང་། མགོ་ལུང་ཨོ་ལུང་འོ་ལུང་མ་ཚད་གདོལ་པོ་ཚེ་རིང་རི་བོའི་ལོགས་སུ། རང་བྱུང་ཁམས་ཀྱི་བ་ལུ་སྤེན་མ་མཚར་པ་གྲ་མས་ཁེངས། བར་ན་ལྷོ་རི་བྱང་རིའི་ནགས་བཟོའི་འདུ་འགོད་རིམ་བཞིན་མངོན་དུ་འགྱུར། མདའ་ན་སྐྱིད་ཆུ་སྔོན་མོས། རི་གཅིག་རི་བཟོ་དོད་པ། གནས་ཆེན་སོ་དྲུག་སྟག་རྩེ། སྨུག་པའི་གཡས་སྐོར་མ་རེད། ནོར་བུའི་གཡོན་སྐོར་རེད་ཤག་ཅེས་ཤང་ཤང་གླུ་དབྱངས་ལེན།

    ཚེ་ཆོག་གླིང་གི་དཔྱིད་དཔལ་ལ་ཨ་གསར་དང་མྱུར་ཚད་མེད་ཅིང་། དཔྱིད་ཀྱི་དཔལ་ཡོན་དེ་ནི་ལྷ་མོའི་ཟློས་གར་ཆེ་གྲས་ཤིག་གར་སྟེགས་སུ་བཤམས་པ་ལྟར། རྔ་སྦུབ་ཀྱི་སྒྲ་དབྱངས་ལྟ་བུའི་དཔྱིད་ཀྱི་དྲོད་རླུང་ཡང་ཡང་ལྡང་། དེ་ལྟའི་མུ་ལ་རྔོན་པའི་འདོན་ལྟར་རྩྭ་སྣ་ལྗོན་པའི་མཆེ་བ་དང་མེ་ཏོག་གི་མཐེའུ་འབུར་འབུར་བྱེད། སྐབས་དེ་ཤེད་ལ་ལྷ་མོའི་གླུ་གར་འཁྲབ་པ་ལྟར་དུ་སྐྱེ་བོ་ཀུན་ལ་སྤྲོ་བ་དཔག་མེད་སྦྱིན། ད་ནི་རྒྱ་ལུའི་བྱིན་འབེབས་ཀྱི་དུས་ལ་བབས་ཏེ་ཨ་གསར་བྲེལ་འཚུབ་བྲལ་བའི་རྣམ་ཐར་གྱི་རྟ་དབྱངས་རིང་པོ་གྲགས་པར་བྱེད་ཅིང་། ཚེ་ཆོག་གླིང་གི་དཔྱིད་དཔལ་འདིའི་མཐའ་མར་ཤར་ལྷོའི་རི་རབ་ཀྱི་སྤང་མདོག་གསོས་ཏེ། རྨ་བྱའི་སྒྲོ་མདོངས་ལྟ་བུའི་ཡུལ་ལྗོངས་ཀྱི་བཀོད་པ་ཞིག་མངོན་རྒྱུ་ཡོད་ལ། ཡུལ་ལྗོངས་དེ་ལ་སྤང་རི་ཞེས་པའི་ཐ་སྙད་སྟབས་བདེས་རྩ་བ་ནས་འབོད་མི་ཉན། རྒྱུ་མཚན་ནི་ཁོ་བོས་ཡུལ་ལུང་འདི་ལ་དགའ་དྲགས་པའི་དབང་གིས་ཟིན་ཐོར་བཀོད་པའི་སྐྱེ་དངོས་ལ་སེ་བ་དང་། གླང་མ། མཁན་པ། མཛོ་མོ་ཤིང་། སྲོ་ལོ་དམར་པོ། ཕུ་ཡི་རྫ་དཀྱིལ་དུ་མཚེར་པ་དང་གྲ་མ་ཤིང་། དེ་བཞིན་གཡང་བུམ་རྡོ་གཡང་རི་ཆུང་སྲིབ་ངོས་ལ་སྐྱེས་པའི་སྔོ་སྨན་གྱི་གྲས་སུ། སྤང་རྩི་དོ་པོ། བྱི་ཤང་དཀར་མོ། ཀྱི་ལྕེ་དཀར་པོ། ཚན་དམར་རམ་སྲོ་ལོ་དམར་པོར་བཞེད་པའི་ཚན་སེར། སྟག་ཤ་ནག་པོ། ཕུར་དཀར་དང་ཕུར་ནག བྱ་ཕོ་ཙི་ཙི་མཆོག་སྟེ་ཤིང་སྒྱུ་རུ་མ། ལུག་མུར། བྲག་སྐྱ་ཧ་བོ། བྲག་སྤོས། འབྲུ་གུར་ངང་པ་ཆིག་ཐུབ་འབོད་པའི་སྐྱི་བ། སྤྲུ་དཀར། སྔོ་སྟག་ཚེར། མ་མ་སྒོ་ལྕགས། མ་མ་རྒྱས་རྒྱས། རྡོ་དྲེག་དམར་པོ་མཆོག་ལ་སོགས་པ་འཁྲུངས་ཤིང་། འུ་ཅག་གིས་གསེར་གྱི་ས་གཞི་ཆེན་པོ་ཞེས་པའི་དཔེ་ཆོས་ཐ་སྙད་དེ་ལ་གོ་བ་ཡོངས་སུ་ལོན་པར་བྱེད་དོ།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།