དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • དཔྱིད་ཀའི་བསུ་མ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     རྩོམ་པ་པོ།  འདྲུ་བཀྲ་ཤིས་རྒྱལ།   |     སྤེལ་དུས།  2025-04-06

    གངས་ཆར་འཚུབ་མའི་གར་གྱི་སྟངས་སྟབས་ལས། །

    གསར་སྐྱེས་མྱུ་གུའི་ཚོགས་ནི་བཞད་མོད་ཀྱང་། །

    སྟག་ཤིང་སྡོང་པོ་མཛེས་པའི་སྣང་རིས་འདིས། །

    སྐབས་གསུམ་གནས་ཀྱང་སྐྱེངས་པའི་གཞི་མར་གྱུར། །


    གངས་ཆུ་དྭངས་མ་གཙང་ཆུར་བཞུར་བ་འདི། །

    རྟ་བདུན་དབང་པོའི་འཕྲིན་ལས་སྤེལ་ཚུལ་ཏེ། །

    གཞན་ཡང་རྩི་ཤིང་མགོ་ལྕོག་ལྡེམ་པ་དང་། །

    འབུ་སྲིན་གྲངས་མེད་ཚེ་སྲོག་རྒྱས་པས་ཀྱང་། །


    དཔྱིད་ཀྱི་ཕོ་ཉའི་སྙན་འགྱུར་དབྱངས་རྟ་ལ། །

    ཁེངས་པ་རྒྱས་པའི་བུང་བའི་ཚོགས་དག་ཀྱང་། །

    ཉིན་མཚན་ལྟོས་མེད་ལྡིར་སྒྲའི་དབྱངས་དང་བཅས། །

    ཟླུམ་གཟུགས་གོ་ལ་སྐོར་བའི་ངང་ཚུལ་བཟུང་། །


    ནས་ཞིང་ཀློང་གི་མལ་གླུའི་འགྱུར་ཁུག་ལས། །

    འབྲས་ལྡན་དུས་ཀྱི་འདོད་འཇོའི་དཔལ་ཡང་མངོན། །

    གཏམ་བཟང་རྣ་བའི་བུ་གར་གྱེར་འདོད་དེ། །

    ཞིང་པའི་ལོངས་སྤྱོད་དབྱར་གྱི་མཚོ་ལྟར་རྒྱས། །


    འདབ་གྲོལ་མེ་ཏོག་འཛུམ་པའི་དཔལ་གྱི་གཞིར། །

    རྐང་དྲུག་བུང་བའི་རེ་འདོད་སྣ་ཚོགས་འཆར། །

    སྦྲང་ཆར་ཟིམ་མའི་ངལ་མེད་བྱ་བ་དེས། །

    ཡངས་པའི་ས་གཞིའི་ཁྱོན་འདི་གཙང་མར་བཅོས། །


    གཡང་དཀར་ལུ་གུའི་འབའ་སྒྲ་སྙན་མོ་ཡིས། །

    གསར་སྐྱེས་མྱུ་གུ་དགའ་བས་མྱོས་པའམ། །

    ཡང་ན་བསིལ་བུར་ལྡང་བའི་དཔྱིད་རླུང་དེར། །

    བསུ་མའི་ཚུལ་དུ་བྲོ་གར་འཁྲབ་པ་ཅི། །


    ཕུན་ཚོགས་དཔྱིད་ཀྱི་དགའ་སྟོན་བཤམས་པའི་མོད། །

    ཚོར་འདུ་ལྷོད་མེད་མྱོང་བའི་གྲབས་ལ་ངལ། །

    ན་བུན་སྐྱ་བོའི་ཀློང་གི་སྡེ་གྲོང་དེར། །

    ཡིད་མཐུན་ཞེ་ཚིག་སྙན་མོའི་དབྱངས་ལ་བཀུག །


    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།