མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་རྒྱ་མཚོ།
བཟོ་བོའི་སྙིང་སྟོབས་རྒྱུན་འཛིན་ལས། གནའ་བོའི་ཚེམ་དྲུབ་སྐྱེ་སྟོབས་རྒྱས།
འདི་ནི་རྒྱ་མཚོས་ལྷམ་ཡུ་རིང་འཚེམ་བཞིན་པ།
འདི་ནི་རྒྱ་མཚོས་བཙེམས་པའི་ལྷ་མོའི་འབག་ཡིན་པ།
འདི་ནི་རྒྱ་མཚོས་ལྷམ་ཡུ་རིང་གི་དཔེ་རིས་འབྲི་བཞིན་པ།
འདི་ནི་རྒྱ་མཚོས་ལྷམ་ཡུ་རིང་གི་བཟོ་ལྟ་འདོན་བཞིན་པ།
འདི་ནི་རྒྱ་མཚོས་ཡུལ་སྐོར་བ་དང་མཉམ་དུ་དྲན་རྟེན་པར་རྒྱག་བཞིན་པ།
འདི་ནི་རྒྱ་མཚོས་ལྷམ་ཡུ་རིང་འཚེམ་བཞིན་པ།
འདི་ནི་རྒྱ་མཚོས་རང་ཉིད་ཀྱི་བུ་མོར་ལག་རྩལ་སློབ་བཞིན་པ།
འདི་ནི་རྒྱ་མཚོས་བཙེམས་ཟིན་པའི་ལྷམ་ཡུ་རིང་ཡིན་པ།
ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་ཐང་སྐྱ་ཤང་སྟག་ཕུ་གྲོང་ཚོར། ལོ་66ལ་སླེབས་པའི་རྒད་པོ་རྒྱ་མཚོའི་ངོ་གདོང་ལ་ལོ་ཟླའི་གཉེར་རིས་ཀྱིས་ཁེངས་ནའང་། ད་དུང་ཚེམ་བུ་རྒྱག་པར་དགའ་བའི་སྤྲོ་སེམས་སྔར་བཞིན་མི་ཉམས་པར་གནས་ཡོད། རྒྱ་མཚོ་ནི་སྟག་ཕུ་གླིང་ན་ཁྱིམ་རྒྱུད་ཀྱི་ཚེམ་དྲུབ་ལག་རྩལ་རྒྱུན་འཛིན་པ་མི་རབས་ལྔ་པ་ཡིན་ཞིང་། ལོ་བདུན་ནས་བཟུང་། ཁོང་གིས་ཕ་རྟ་མགྲིན་གྱི་བྱམས་བརྩེའི་སློབ་སྟོན་འོག་ཁོང་དུ་ཆུད་པར་བྱས་ནས་གནའ་བོའི་ལག་རྩལ་འདི་འཚོལ་ཞིབ་ཀྱི་ལམ་དུ་ཞུགས་ནས་མི་ལོ་ལྔ་བཅུ་ལྷག་ཙམ་བརྟན་སྲུང་བྱས།
སྟག་ཕུ་གླིང་ན་ཁྱིམ་རྒྱུད་ཀྱིས་བོད་ཆས་དང་། ལྷ་མོའི་འཁྲབ་ཆས། དགོན་སྡེའི་ཡོ་ཆས་བཙེམས་པ་ཕུད་ད་དུང་ཞིང་འབྲོག་ཡོ་ཆས་ཀྱང་བཟོ་བས། མལ་གྲོ་གུང་དཀར་གྱི་སྔོན་མའི་ཚེམ་དྲུབ་ལག་རྩལ་གྱི་ཕུལ་བྱུང་འཐུས་ཚབ་ཏུ་འགྱུར་ཅིང་། རིག་གནས་ཀྱི་ནང་དོན་དང་སྒྱུ་རྩལ་གྱི་རིན་ཐང་ཧ་ཅང་ཆེན་པོ་ལྡན་ཡོད། སྟག་ཕུ་གླིང་ན་ཁྱིམ་རྒྱུད་ཀྱིས་ལག་བཙེམ་གཙོ་བོ་འཛིན་པ་དང་སྤུས་ཚད་ལེགས་གཉེར་གྱི་འདུ་ཤེས་མཐའ་འཁྱོངས་བྱས་པས་སྟག་ཕུ་གླིང་ན་ཁྱིམ་རྒྱུད་ཀྱི་ཚེམ་དྲུབ་ཐོན་རྫས་ཡིན་ཕྱིན་བཟོ་བོའི་སེམས་ནུས་ཡོངས་རྫོགས་འདུས་ཡོད།
རྒྱ་མཚོའི་ཚེམ་དྲུབ་ཁང་དུ་སྐྱོད་སྐབས། རིག་གནས་ཀྱི་བང་མཛོད་ཅིག་ཏུ་སླེབས་པའི་སྣང་བ་སྟེར། དེ་གའི་སྤུས་ཚད་ལེགས་པའི་སྲོལ་རྒྱུན་གྱོན་ཆས་དང་། ཚོན་མདོག་རྣམ་པར་བཀྲ་བའི་ཞལ་འབག ཁུངས་ཐུབ་ཅིང་སྤུས་ཀ་དག་པའི་ལྷམ་ཡུ་རིང་སོགས་སྒྲིག་གཤོམ་ཐོག་བཞག་ཡོད། རྒྱ་མཚོས་ཁབ་སྐུད་ལ་བརྟེན་ནས་བོད་བཟོའི་སྲོལ་རྒྱུན་གྱོན་ཆས་ཞིབ་ཚགས་པོས་འཚེམ་པའི་ལག་རྩལ་ལ་གསར་འགོད་པ་ཧང་སངས་བྱུང་། ཁོང་གིས་ངོ་སྤྲོད་གནང་བར་གཞིགས་ན། ལག་རྩལ་དེ་བོད་ཀྱི་དམངས་ཁྲོད་ཚེམ་བུའི་ལག་རྩལ་ཁྲོད་ཐུན་མོང་མ་ཡིན་པ་ཞིག་ཡིན་པ་དང་། དེའི་ལག་བཙེམ་གྱི་བརྒྱུད་རིམ་ཧྲིལ་པོ་སྟེ། བྲེག་པ་ནས་ཕར་ཆིན་རྒྱག་པའི་བར་གྱི་ལས་རིམ་ཚང་མར་ནོར་འཁྲུལ་གཏན་ནས་མི་ཤོར་བ་བྱེད་དགོས་པ་དེས་བཟོ་བོར་བྱང་ཆུབ་པའི་ལག་རྩལ་དགོས་པ་ཕུད་ངང་རྒྱུད་དེ་བས་ཀྱང་རིང་པོ་དགོས་པ་བསྟན་ཡོད།
ཡིན་ནའང་། བཟོ་ལས་ཅན་གྱི་ཐོན་རྫས་ཆེས་མང་བའི་དུས་བབ་འོག ལག་བཙེམ་རང་ལ་བརྟེན་མཁན་ལ་འགྲན་སློང་ཆེན་པོ་འཕྲད་ཡོད། དེང་རབས་ཅན་བཟོ་ལས་ཀྱིས་བཟོས་པའི་མི་རིགས་ཀྱི་གྱོན་ཆས་དང་བསྡུར་ཚེ། སྟག་ཕུ་གླིང་ན་ཁྱིམ་རྒྱུད་ཀྱིས་ལག་འཚེམ་ཐོན་རྫས་བཟོ་བར་དུས་ཚོད་རིང་ཞིང་ངལ་ནུས་མང་བ་འདོན་དགོས་ཀྱི་ཡོད། ལག་རྩལ་རྙོག་འཛིང་ཆེ་བའི་བོད་ཆས་ཤིག་ལ་མཚོན་ན། རྒྱུ་ཆ་བདམས་པ་དང་། བྲེག་པ། དེ་ནས་ཕར་ཆིན་རྒྱག་པའི་བར་ཟླ་བ་ཁ་ཤས་འགོར་གྱི་ཡོད། ཡིན་ནའང་རྒྱ་མཚོས་གནའ་བོའི་ལག་རྩལ་དེ་མི་བསྐྱུར་བར་འདིར་རིན་ཐང་ལྡན་པའི་ངོས་འཛིན་ཐོག་ནས་ད་བར་རྒྱུན་འཁྱོངས་བྱས་ཡོད།
རྒྱ་མཚོས། རྒྱུན་འཛིན་ཞེས་པ་ནི་རྙིང་ཞེན་མཁྲེགས་བཟུང་བྱས་པ་མིན་པར་དུས་རབས་ཀྱི་རླབས་རྒྱུན་ཁྲོད་ནས་སྲོལ་རྒྱུན་དང་དེང་རབས་ཀྱི་མཚུངས་པའི་ཆ་འཚོལ་རྒྱུ་དེ་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད། སྲོལ་རྒྱུན་གྱི་ཚེམ་དྲུབ་ལག་རྩལ་བྱང་ཆུབ་པའི་རྨང་གཞིའི་ཐོག ཁོང་གིས་གསར་གཏོད་ཧུར་ཐག་བྱས་ཏེ། དེང་རབས་ཀྱི་ཇུས་འགོད་འདུ་ཤེས་སྲོལ་རྒྱུན་བཟོ་རྩལ་ལག་ཤེས་ནང་སྤྱད་དེ་བློ་ཁོག་ཆེན་པོས་ཚོན་མདོག་དཔེ་གསར་བསྡེབས་ནས་དེང་རབས་མིའི་གྱོན་ཆས་ཀྱི་དགོས་མཁོ་དང་བསྟུན་ཐབས་བྱས་པས། གནའ་བོའི་མི་རིགས་ཀྱི་གྱོན་ཆས་འདི་རིག་གནས་ཀྱི་སྙིང་བཅུད་མི་ཉམས་པའི་ཁར་དེང་རབས་ཀྱི་མཛེས་དཔྱོད་དང་སྔར་བས་འཚམ་མཐུན་ཡོང་བར་བྱས་ཡོད།
རྒྱ་མཚོའི་འབད་བརྩོན་ལ་ཕ་ཡུལ་གཅིག་པ་ཚོས་ཁས་ལེན་བྱེད་པ་མ་ཟད། སྟག་ཕུ་གླིང་ན་ཁྱིམ་རྒྱུད་ཀྱི་ཐོན་རྫས་ལ་མལ་གྲོ་གུང་དཀར་གྱི་ཞིང་འབྲོག་པ་ཚོས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། དུས་རྒྱུན་ངལ་རྩོལ་སྐབས་གྱོན་པའི་བོད་ལྷམ་དང་དུས་ཆེན་རྟེན་འབྲེལ་སྐབས་གྱོན་པའི་བོད་ཆས་དེ་དག་གིས་ཡུལ་མིའི་འཚོ་བའི་དགོས་མཁོ་སྐོང་ཐུབ་པ་མ་ཟད། མི་རིགས་ཀྱི་རིག་གནས་རྒྱུན་འཛིན་ཐུབ་ནས་མི་རིགས་ཀྱི་བརྩེ་བ་མཚོན་པའི་གཞི་རྟེན་གལ་ཆེན་ཞིག་ཏུ་དེ་བས་གྱུར་ཡོད།
ད་ཆ། རྒྱ་མཚོས་དགེ་ཕྲུག་བཞི་ཉར་ཡོད་པའི་ནང་། དགེ་ཕྲུག་ཁྱུང་དགའ་རང་མགོ་ཐོན་ཟིན། བུ་མོ་པད་མ་མཁའ་འགྲོ་2015ལོར་རྫོང་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པར་བདམས། གྲོང་ཁྱེར་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་པ་ཞིག་ཡིན་པའི་རྒྱ་མཚོས་རང་ཉིད་ཀྱི་འགན་འཁྲི་ལྕི་པོ་ཕྲག་ཏུ་འཁུར་ཞིང་། ཁོང་གིས་སློབ་གྲྭ་དང་། ཞིང་འབྲོག་ཁུལ། སྡེ་ཁུལ་བཅས་ལ་བསྐྱོད་དེ་རྒྱུན་འཛིན་གྱི་བྱེད་སྒོ་སྤེལ་ནས་ན་གཞོན་རྒྱུན་འཛིན་པ་སྐྱེད་སྲིང་བྱ་རྩིས་ཡོད་པ་རེད།
རྒྱ་མཚོས་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་ལམ་བུར་དུས་རབས་ཕྱེད་ཀ་ལྷག་ཙམ་འབད་འབུངས་བརྟན་འཁྱོངས་བྱས་ནས་ཁྱིམ་རྒྱུད་ཀྱི་ལག་ཤེས་ལ་དགའ་པོ་དང་ལྷག་བསམ་འཆང་ལུགས་ཡོངས་སུ་མཚོན་པར་བྱས་ཏེ། གསར་གཏོད་བྱེད་ཕོད་པའི་སྙིང་སྟོབས་ཀྱི་ཐོག་ནས་གནའ་བོའི་ལག་ཤེས་ལ་གསོན་ཤུགས་གསར་པ་བསྣན་ཡོད།