དབུ་ཤོག>བོད་ཀྱི་རིག་གནས།>བོད་རིག་པ།
  • གསར་འགྱུར་བརྒྱུད་བསྒྲགས་རིག་པ་དང་འབྲེལ་བའི་ཐ་སྙད་འགའི་སྐོར་གླེང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  བདེ་སྐྱིད་བུ་ཁྲིད། བསོད་ནམས་སྟོབས་ལགས།   |     སྤེལ་དུས།  2025-03-10

    གཅིག  སྨྱན་བྱེད་དང་སྨྱན་སྦྱོར་གྱི་གོ་བ་དང་ཁྱད་པར། 

    བརྒྱུད་བསྒྲགས་རིག་པའི་ཁྱབ་ཁོངས་ཁྲོད་དུ་མཁས་དབང་ཕལ་མོ་ཆེས་སྨྱན་བྱེད་དམ་སྨྱན་སྦྱོར་ཅི་རིགས་པར་སྤྱོད་བཞིན་ཡོད་ལ་གོ་དོན་ཡང་གཉིས་ཡོད་པར་ངོས་འཛིན་གྱི་ཡོད། ཕྱོགས་གཅིག་ནས་ཆ་འཕྲིན་འཚོལ་བསྡུ་དང་། སྒྲིག་བཟོ།  བརྒྱུད་བསྒྲགས་བཅས་བྱེད་མཁན་རྩ་འཛུགས་ལ་གོ་བ་དཔེར་ན། ཚགས་པར་ཁང་དང་རླུང་འཕྲིན་ཁང་། བརྙན་འཕྲིན་ཁང་སོགས། ཕྱོགས་གཞན་ཞིག་ནས་ཆ་འཕྲིན་བརྒྱུད་བསྒྲགས་བྱེད་པའི་མཚམས་སྦྱོར་དངོས་པོ་དང་ཐབས་ལམ་དཔེར་ན། ཚགས་པར་དང་། རླུང་འཕྲིན། བརྙན་འཕྲིན། དྲ་རྒྱ་སོགས། དུས་ཀྱི་འཕེལ་འགྱུར་དང་བསྟུན་ནས་ད་ཆ་སྨྱན་སྦྱོར་གྱི་རྣམ་པ་དེ་རིགས་གསུམ་དུ་དབྱེ་ཆོག་པ་སྟེ། ཚགས་པར་དང་། རླུང་འཕྲིན། བརྙན་འཕྲིན་བཅས་ཀྱིས་མཚོན་པའི་སྲོལ་རྒྱུན་སྨྱན་སྦྱོར་དང་། དྲ་ཚིགས། གྲངས་གཞིའི་ཚགས་པར། དཔོད(པོད)འཕྲིན་དང་སྐད་འཕྲིན་སོགས་མཚོན་བྱེད་དུ་བྱས་པའི་སྨྱན་སྦྱོར་གསར་པ། དེ་བཞིན་སྨྱན་སྦྱོར་གསར་པའི་ཐོན་ཁུངས་སྤྱི་འདོམས་བཀོད་སྒྲིག་དང་། ཡི་གེ རི་མོ། སྒྲ་བརྙན་གཞི་གཅིག་ཏུ་འདུས་པའི་ཀུན་འདུས་སྨྱན་སྦྱོར་གྱི་རྣམ་པ་བཅས།   

    མིག་སྔར་ང་ཚོའི་མཐོང་ཆོས་སུ་སྨྱན་བྱེད་དང་སྨྱན་སྦྱོར་གཉིས་ཀ་སྤྱོད་བཞིན་ཡོད་དེ། དེ་གཉིས་དབར་ལ་འདྲ་བའི་ཆ་ཡོད་ལ་མི་མཐུན་ཕྱོགས་ཀྱང་ཡོད། འགའ་རེས་བརྡ་དག་དེ་གཉིས་དབྱེར་མེད་དུ་སྤྱོད་བཞིན་ཡོད་ཀྱང་།  གུས་མོས་དེ་གཉིས་ལ་ཁྱད་པར་ཡོད་པར་ངོས་འཛིན་གྱི་ཡོད། སྨྱན་སྦྱོར་རམ་སྨྱན་བྱེད་ཡང་ན་Mediaཞེས་པ་ལ་ཏིང་སྐད་ཀྱི“Medium”ནས་བྱུང་ཞིང་། རྒྱའི་རིག་གཞུང་དུ་媒介ཞེས་བསྒྱུརཡོད། ཕྱིས་སུ་རིམ་བཞིན་媒体ཞེས་པའི་བརྡ་དག་སྤྱོད་བཞིན་ཡོད།  སྐུ་ཞབས་ཧྲུའུ་ཤིན་ཁྲེང་གིས་བརྩམས་གནང་བའི《ཚིག་མཛོད》ནང་媒介、媒体གྱི་འགྲེལ་པར“ཕྱོགས་གཉིས་འབྲེལ་བར་བྱེད་པའི་མིའམ་བྱ་དངོས”ཞེས་འཁོད་ཡོད། དེ་ནི་ཁོ་གཉིས་ཀྱི་འདྲ་བའི་ཆ་ཡིན་ཞིང་།  མི་འདྲ་ས་ནི་སྨྱན་བྱེད་ཞེས་པ་གཙོ་བོ་ཆ་འཕྲིན་ཁྱབ་སྤེལ་གྱི་ཐབས་ལམ་དང་། བར་རྫས།  མཚམས་སྦྱོར་དངོས་པོ་སོགས་ལ་གོ་བ་དང་། སྨྱན་སྦྱོར་ཞེས་པ་གཙོ་བོ་ཆ་འཕྲིན་འཚོལ་བསྡུ་དང་། སྒྲིག་བཟོ། ཁྱབ་སྤེལ་བཅས་བྱེད་མཁན་གྱི་ལས་ཁུངས་ལ་གོ 《དག་ཡིག་གསར་བསྒྲིགས》ནང་འཁོད་པ་བཞིན་རང་རེས་དེར་སྨྱན་བྱེད་དམ་སྨྱན་སྦྱོར་ཞེས་བསྒྱུར་བ་གཙོ་བོ་ཡི་གེ་媒ཞེས་པར་བསྟུན་པས་སོ། བརྡ་རྙིང་དུ་སྨྱན་པ་ཞེས་ཕོ་མོ་གཉེན་སྦྱོར་བྱེད་མཁན་དང་། སྨྱན་བྱེད་པ(སྨྱན་ཀ་ སྨྱན་ཁ་ སྨྱན་ག་བྱེད་པ)ཞེས་བག་མ་གཏོང་ལེན་གྱི་གྲོས་བྱེད་པའམ་བག་མ་གཏོང་ལེན་བྱེད་པར་གོ་བས། བྱ་བའི་ཚིག་དེ་ད་ཆ་མིང་ཚིག་ཏུ་སྤྱོད་བཞིན་ཡོད། 

    གཉིས།   སྨྱན་སྦྱོར་མཉམ་འདྲེས་ཀྱི་ཁུངས་འཚོལ་བ།

    ཡོངས་གྲགས་སུ་གསར་འགྱུར་བརྒྱུད་བསྒྲགས་རིག་པ་ནི་ནུབ་ཕྱོགས་རྒྱལ་ཁབ་ནས་དར་བ་ཡིན་ལ་། དེ་དང་འབྲེལ་བའི་ཆེད་ལས་བརྡ་དག་ཀྱང་ནུབ་ཕྱོགས་ནས་དར། སྨྱན་སྦྱོར་མཉམ་འདྲེས་སམ་སྨྱན་བྱེད་མཉམ་འདྲེས་ནི་ནུབ་ཕྱོགས་ཀྱི་བརྡ་དག་Media Convergence ལས་འབྱུང་བ་ཡིན་ཞིང་།  Convergence མཉམ་འདྲེས་ཞེས་པའི་ཚིག་དེ་དང་ཐོག་ཚན་རིག་ཁུངས་གཏོགས་ཀྱི་བརྡ་དག་ཞིག་ལས་རིམ་བཞིན་རྩིས་རིག་དང་། ཆབ་སྲིད། དཔལ་འབྱོར་རིག་པ་སོགས་ཀྱི་ཁྲོད་སྤྱོད་འགོ་ཚུགས།  Convergence ཞེས་པའི་ཚིག་དེ་གསར་འགྱུར་བརྒྱུད་བསྒྲགས་ལས་རིགས་སུ་དུས་ནམ་དུ་སུ་ཞིག་གིས་བེད་སྤྱད་པའི་སྐོར་ལ་བཞེས་པ་མི་མཐུན་པ་ཡོད་ལ་ཡང་སྙིང་གང་འདྲ་ཡིན་མིན་འཚོལ་ཞིབ་དཀའ་ཡང་།  ད་ཆ་ཀུན་གྱི་ཐོས་འཛིན་སྒོ་མོ་ཡང་ཡང་བརྡུངས་པའི་ཐ་སྙད་སོ་མ་ཞིག་ཏུ་གྱུར་ཡོད།  རྒྱའི་རིག་གཞུང་དུ་融合ཞེས་བསྒྱུར་ཡོད་པ། བོད་སྐད་དུ་མཉམ་འདྲེས་ཞེས་བསྒྱུར་བ་མང་ཆེ་ཡང་། མཉམ་བསྲེས་ཞེས་བསྒྱུར་དགོས་པའི་བཞེས་པ་མི་མཐུན་པ་ཡང་མི་ཉུང་བ་ཞིག་ཡོད། 

    སྨྱན་སྦྱོར་མཉམ་འདྲེས་ནི། སྲོལ་རྒྱུན་སྨྱན་སྦྱོར་དང་གསར་དར་སྨྱན་སྦྱོར་ནུས་ལྡན་ངང་ཟུང་འབྲེལ་བྱས་ནས་ནང་དོན་དང་ཐབས་ལམ་སོགས་ཀྱི་ཐད་སྣ་མང་ཕུན་སུམ་ཚོགས་པ་དང་། འབུར་གཟུགས་ཅན་གྱི་ཆ་འཕྲིན་ཐོན་རྫས་ཐོན་པ་བྱེད་པ་དང་དེའི་མཐར་ཐུག་གི་དམིགས་ཚད་ནི་སྣེ་མང་ཅན་གྱི་ཀུན་འདུས་སྨྱན་སྦྱོར་གཏོད་རྒྱུ་དེ་ཡིན། སྨྱན་སྦྱོར་མཉམ་འདྲེས་ནི་ཆ་འཕྲིན་དུས་རབས་ཀྱི་སྨྱན་སྦྱོར་བསྡུ་སྒྲིལ་ཆེ་བའི་རྒྱབ་ལྗོངས་འོག་སྨྱན་སྦྱོར་འཕེལ་རྒྱས་གཏོང་བའི་རྣམ་པ་གསར་པ་ཞིག་ཡིན་པ་དང་། རྒྱལ་ནང་དང་རྒྱལ་སྤྱིའི་སྨྱན་སྦྱོར་ལས་རིགས་ཀྱི་འཕེལ་རྒྱས་འགྲོ་ཕྱོགས་ཤིག་ཏུ་གྱུར་ཡོད་ལ། འབྱུང་འགྱུར་སྨྱན་སྦྱོར་ཚན་པ་ཁག་གི་གཙོ་རྒྱུན་གྱི་བརྒྱུད་སྤེལ་རྣམ་པ་ཞིག་ཡིན་ངེས་རེད། 

    གསར་འགྱུར་བརྒྱུད་བསྒྲགས་རིག་པའི་རིག་གཞུང་ལས་རིགས་ཀྱིས་ཡོངས་ཁྱབ་ཏུ“སྨྱན་སྦྱོར་མཉམ་འདྲེས”ཞེས་པའི་དགོངས་པ་དེ་མ་ཧྲེང་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་གླིང་གི་སྨྱན་སྦྱོར་ཚོད་ལྟ་ཁང་དང་ཨ་རིའི་རྩིས་འཁོར་ཚན་རིག་མཁས་ཅན་གྱི་གསར་འཛུགས་མཁན་ཉི་ཀུའུ་ལ་·ཉི་ཀེ་ལུའོ་ཧྥང་ཏི་(Nicholas Negrponte)ཡིས་སྔ་ཤོས་བཏོན་པར་ངོས་འཛིན་ཏེ། 1978ལོར་ཁོང་གིས་《གྲངས་འཛིན་ཅན་གྱི་འཚོ་གནས》ཞེས་པའི་དེབ་ནང་སྨྱན་སྦྱོར་མཉམ་འདྲེས་བྱེད་པའི་བསམ་ཚུལ་བཏོན་ཡོད། ཨ་རིའི་ཁྱབ་སྤེལ་མཁས་པ་དང་མཱ་ས་ཀྲུའུ་སའེ་ཀྲོའུ་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་དབྱི་ཆིར·སུའོ་ལེ·ཕུའར་(1983)ཡིས་ཆེད་རྩོམ་《རང་མོས་ཀྱི་ལག་རྩལ》ཞེས་པའི་ནང་སྨྱན་སྦྱོར་མཉམ་འདྲེས་ནི་སྨྱན་སྦྱོར་མང་པོ་ནུས་ལྡན་ངང་གཞི་གཅིག་ཅན་ལ་ཕྱོགས་པའི་རྣམ་པ་ཞིག་ཡིན་ཞེས་བཏོན་ནས་སྨྱན་སྦྱོར་མཉམ་འདྲེས་ཞེས་པའི་ཐ་སྙད་དེ་དངོས་སུ་ང་ཚོའི་མིག་ལམ་དུ་བཏོན་ཡོད། (Andrew Nachison) ཨན་ཏེ་ལུའུ་ན་ཆི་སེན་གྱིས་རྨང་གཞི་དེའི་ཐོག་སྨྱན་སྦྱོར་མཉམ་འདྲེས་ཀྱི་མཚན་ཉིད་ལ་རྒྱ་སྐྱེད་བཏང་ཡོད་དེ།  པར་འདེབས་དང་། བརྙན་ལམ།  ཨང་ཀིའི་སྨྱན་སྦྱོར་སོགས་ཀྱིས་རྩ་འཛུགས་དབར་འཐབ་ཇུས་དང་།  བཀོལ་སྤྱོད།  རིག་གནས་སོགས་ཀྱི་འབྲེལ་བ་དམ་ཟབ་བཙུགས་པ་དེ་སྨྱན་སྦྱོར་མཉམ་འདྲེས་ཡིན་པར་ངོས་འཛིན། 《མཉམ་འདྲེས་ཞེས་པའི་ཐ་སྙད་ཀྱི་དོན་སྙིང་དང་ནང་དོན》ཞེས་པའི་རྩོམ་ཡིག་ནང(Rich Gordon2003 )ལི་ཆི·ཀེ་ཏེང་གིས་ཁྱབ་སྤེལ་གྱི་སྣང་ཚུལ་མི་འདྲ་བར་སྨྱན་སྦྱོར་མཉམ་འདྲེས་ཀྱི་མཚན་ཉིད་ཀྱང་མི་འདྲ་བ་ཡོད་པར་བཤད་ཡོད་དེ། སྨྱན་སྦྱོར་རྩ་འཛུགས་ཀྱི་གྲུབ་ཆའི་རང་བཞིན་གྱི་མཉམ་འདྲེས་དང་།  སྨྱན་སྦྱོར་ཚན་རྩལ་མཉམ་འདྲེས།  སྨྱན་སྦྱོར་འཐབ་རྩལ་མཉམ་འདྲེས།  གསར་འགྱུར་བཅར་འདྲིའི་རྩལ་ནུས་མཉམ་འདྲེས།  སྨྱན་སྦྱོར་གྱི་བདག་དབང་མཉམ་འདྲེས།  གསར་འགྱུར་དོན་བརྗོད་ཀྱི་རྣམ་པ་མཉམ་འདྲེས་བཅས་སྨྱན་སྦྱོར་མཉམ་འདྲེས་ཀྱི་མཚན་ཉིད་མི་འདྲ་བ་6ཙམ་བསྟན་ཡོད།  

    ཤེས་རིག་དྲ་བའི་ཐོག་གསལ་བར་རྒྱལ་ནང་དུ་སྨྱན་སྦྱོར་མཉམ་འབྲེས་ཀྱི་ཞིབ་འཇུག་ཆེས་སྔ་ཤོས་ནི་༡༩༩༩ལོ་ནས་མགོ་བརྩམས།  སྐབས་དེ་དུས་ནན་ཅིང་དགེ་འོས་སློབ་ཆེན་གསར་འགྱུར་དང་བརྒྱུད་བསྒྲགས་སློབ་གླིང་གི་དགེ་རྒན་ཆེ་མོ་བ་གཞོན་པ་ཚུའེ་པའོ་གོས་( 崔保国 )འགྲེམས་སྤེལ་བྱས་པའི《ལག་རྩལ་གསར་གཏོད་དང་སྨྱན་བྱེད་གསར་བརྗེ》ཞེས་པའི་རྩོམ་ཡིག་ནང་སྨྱན་བྱེད་འཕོ་འགྱུར་ལ་མངོན་གསལ་དོད་པའི་ཁྱད་ཆོས་གཉིས་ཡོད་པ་གླེང་སྐབས། ལག་རྩལ་གསར་གཏོད་ལས་བྱུང་བའི་སྨྱན་བྱེད་འཕོ་འགྱུར་གྱི་ཁྱད་ཆོས་གཙོ་བོ་ནི་སྨྱན་བྱེད་ཀྱི་མཉམ་འདྲེས་ཆེན་པོ་དང་གས་འགྱུར་ཆེན་པོ་བྱུང་བ་གཉིས་ཡིན་པ་བསྟན་ཡོད། འོན་ཀྱང་ཡོངས་ཁྱབ་དུ“སྨྱན་སྦྱོར་མཉམ་འདྲེས”ཞེས་པའི་ཐ་སྙད་དེ་རྒྱལ་ནང་དུ་ནང་འདྲེན་བྱེད་མཁན་སྔ་ཤོས་ནི་ཀྲུང་གོ་མི་དམངས་སློབ་ཆེན་གསར་འགྱུར་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ཚའེ་ཝུན( 蔡雯)ཡིན་པར་ངོས་འཛིན་གྱི་ཡོད། གང་ལགས་ཟེར་ན། 2005ལོའི་ཁོང་གི་དཔྱད་རྩོམ་ནང་སྐབས་དེའི་ཨ་རིའི་གསར་འགྱུར་བརྒྱུད་བསྒྲགས་ཀྱི་འཐབ་ཇུས་ལེགས་སྒྲིག་ལ་དབྱེ་ཞིབ་བྱས་རྗེས“Media Convergence”ནི་སྟབས་བདེའི་ངང་སྨྱན་བྱེད་རྣམས་གཅིག་སྡུད་བྱས་པ་ཞིག་མིན་པར་ཕན་ཚུན་མཉམ་ལས་དང་མཉམ་འདྲེས་ཀྱི་རྣམ་པ་ཞིག་ཡིན་པ་བསྟན་ཡོད། ཁོང་གི་ཞིབ་ཕྲའི་ངོ་སྤྲོད་འོག་རྒྱལ་ནང་དུ་བརྒྱུད་རིམ་ལྡན་པའི་ཞིབ་འཇུག་འགོ་ཚུགས། (སྐབས་དེ་དུས་ཕལ་ཆེ་བས“སྨྱན་བྱེད་མཉམ་འདྲེས”ཞེས་བསྒྱུར་གྱི་ཡོད) དེ་ནས་བཟུང་སྨྱན་སྦྱོར་མཉམ་འདྲེས་ལ་ནང་སའི་རིག་གཞུང་ལས་རིགས་དང་ལས་གཉེར་ལས་རིགས་ཀྱིས་དོ་ཁུར་ཆེན་པོ་བྱེད་པ་དང་། འབྲེལ་ཡོད་ཀྱི་རིག་གཞུང་ཞིབ་འཇུག་ཀྱང་གཅིག་མཇུག་གཉིས་མཐུད་ཀྱིས་མང་དུ་ཕྱིན་ཡོད། 

    “སྨྱན་སྦྱོར་མཉམ་འདྲེས”དང“སྨྱན་བྱེད་མཉམ་འདྲེས”འདྲ་བར་སྣང་ཡང་།  ཞིབ་པར་དཔྱད་ན་བརྡ་ཆད་དེ་གཉིས་དབར་ཁྱད་པར་འགའ་ཡོད་དེ།  སྨྱན་སྦྱོར་མཉམ་འདྲེས་ནི་སྨྱན་བྱེད་མཉམ་འདྲེས་ལས་ཞིབ་ཕྲ་བ་དང་ཁྱབ་རྒྱ་ཆེ་བ་ཡོད།  སྨྱན་སྦྱོར་མཉམ་འདྲེས་ཞེས་པ་སྒྲ་དོག་འཇུག་ནས་བརྗོད་ན་སྨྱན་སྦྱོར་གསར་པའི་ལག་རྩལ་བེད་སྤྱད་ནས་གསར་འགྱུར་ཐོན་སྐྱེད་བྱེད་པའི“ངོ་བོའི་འགྱུར་ལྡོག”ཅིག་ཡིན།  དེ་སྨྱན་བྱེད་མཉམ་འདྲེས་ཀྱི་གོ་དོན་དང་གཅིག་མཚུངས་ཡིན།  ཡང་སྒྲ་ཡངས་འཇུག་ནས་བརྗོད་ན།  སྨྱན་སྦྱོར་མཉམ་འདྲེས་ཞེས་པ་གསར་འགྱུར་ཐོན་སྐྱེད་དང་། གསར་འགྱུར་བརྒྱུད་སྤེལ།  གསར་འགྱུར་ལས་སྟེགས།  སྨྱན་སྦྱོར་རྩ་འཛུགས།  སྨྱན་སྦྱོར་ཁྲོམ་རའི་གྲུབ་ཆ།  སྨྱན་སྦྱོར་གཉེར་སྐྱོང་དོ་དམ་སོགས་ཀྱི་ཐད་མཉམ་འདྲེས་བྱས་པར་གོ་བ་ཡིན། འོན་ཀྱང་གུས་མོས་འབྲེལ་ཡོད་དཔྱད་གཞིའི་ཡིག་ཆར་ལྟ་ཀློག་བྱེད་སྐབས།  ཕལ་མོ་ཆེས་བརྡ་ཆད་དེ་གཉིས་དབྱེ་བ་ནན་པོ་མ་ཕྱེ་བར་གཉིས་ཀ་སྤྱོད་བཞིན་ཡོད་ལ། ཨ་ཅང་ཅང་ཐ་སྙད་སོ་སོའི་འཇུག་ཡུལ་ཡང་ཁག་ཁག་སོ་སོར་གོ་རྒྱུ་ཡོད་མོད།  དཔྱད་རྩོམ་འདིར་རྒྱལ་ཁབ་རིམ་པའི་སྨྱན་སྦྱོར་ཡིག་ཆའི་སྤྱོད་ཡིག་གཞིར་བཟུང་“སྨྱན་སྦྱོར་མཉམ་འདྲེས”ཞེས་གཅིག་གྱུར་དུ་སྤྱོད་རྒྱུ་ཡིན།   

    མ་གཞི་སྨྱན་སྦྱོར་མཉམ་འདྲེས་སྐོར་གྱི་ཞིབ་འཇུག་དེ་དུས་རབས་20པའི་ལོ་རབས་80པ་ནས་འགོ་བརྩམས་ཡོད་ཀྱང་། མཁས་དབང་མང་པོས་ཚད་གཞི་དང་ཞིབ་འཇུག་གི་ཟུར་ཚད་མི་འདྲ་བར་གཞིགས་ནས་དེའི་གོ་དོན་གཏན་འཁེལ་བྱས་ཡོད་པར་བརྟེན། སྨྱན་སྦྱོར་མཉམ་འདྲེས་ཀྱི་མཚན་ཉིད་འཇོག་ཚུལ་སྣ་ཚོགས་ཡོད་ལ།  སྨྱན་སྦྱོར་མཉམ་འདྲེས་དེ་ཉིད་ཐོག་མཐའ་བར་གསུམ་དུ་འགྱུར་ལྡོག་དང་འཕེལ་རྒྱས་ངང་གནས་ཡོད། མཁས་དབང་ཚོས་སྨྱན་སྦྱོར་ལམ་སྲོལ་དང་། སྨྱན་སྦྱོར་གཉེར་སྐྱོང་བྱ་ཐབས། སྨྱན་སྦྱོར་ཐོན་ལས་མཉམ་འདྲེས། སྨྱན་སྦྱོར་ནང་ཁུལ་གྱི་རྩ་འཛུགས་སྒྲིག་གཞིའི་མཉམ་འདྲེས་སོགས་ཟུར་ཚད་མང་པོའི་ཐོག་ནས་སྨྱན་སྦྱོར་མཉམ་འདྲེས་ཀྱི་ནང་དོན་དང་། ངོ་བོ། དེ་བཞིན་ཁྱབ་བྱེད་སོགས་ཀྱི་ཐད་ཞིབ་འཇུག་དང་གྲོས་བསྡུར་གཏིང་ཟབ་བྱས་ཀྱང་མིག་སྔར་ད་དུང་ལྟ་དགོངས་གཅིག་མཐུན་བྱུང་མེད། 

    གསུམ།   ཀུན་འདུས་སྨྱན་སྦྱོར་གྱི་མཚན་དོན།  

    སྨྱན་བྱེད་མི་འདྲ་བ་གསར་དུ་བྱུང་བ་དང་དེ་བཞིན་ཚན་རིག་ལག་རྩལ་གྱི་རིམ་སྤོར་ལས། “སྨྱན་བྱེད་མཉམ་འདྲེས་དང་།  སྨྱན་སྦྱོར་མཉམ་འདྲེས།  ཀུན་འདུས་སྨྱན་སྦྱོར”སོགས་ཀྱི་ཐ་སྙད་གཅིག་རྗེས་གཉིས་མཐུད་ངང་ཐོན་དང་འཐོན་མུས་ལགས།  འོན་ཀྱང་དེ་དག་ཚང་མ་ནི་སྨྱན་སྦྱོར་མཉམ་འདྲེས་འཕེལ་རིམ་ཁྲོད་ཀྱི་ཆ་ཤས་ཉག་ཅིག  དེས་སྨྱན་སྦྱོར་མཉམ་འདྲེས་འཕེལ་རྒྱས་ཀྱི་དུས་རིམ་མི་འདྲ་བ་མཚོན་བཞིན་ཡོད་ལ་ཕན་ཚུན་རྟེན་ཅིང་འབྲེལ་བར་གནས།  ཕྱོགས་གཞན་ཞིག་ནས“ཀུན་འདུས་སྨྱན་སྦྱོར”ནི་སྨྱན་སྦྱོར་མཉམ་འདྲེས་ཟབ་གཏོང་ཁྲོད་ཀྱི་གལ་ཆེའི་བྱ་ཐབས་ཤིག་ལ་བརྩི་ཡང་ཆོག “ཀུན་འདུས་སྨྱན་སྦྱོར”ཞེས་པ་ནི་ཀྲུང་གོ་ཅན་གྱི་ཐོན་དངོས་འཁྲུལ་མེད་ཅིག་ཡིན་ཞིང་།  ཉེ་བའི་ལོ་འགའི་ནང་རང་རྒྱལ་དུ་ཐོན་པ་ཞིག་ཡིན།  རྒྱལ་ནང་དུ་1999ལོའི་ཟླ་6པར་ཐོག་མར《ཀྲུང་གོའི་དཔལ་འབྱོར་ཉིན་རེའི་ཚགས་པར》ཐོག་བཀོད་པའི《འཛད་སྤྱོད་རྩ་བ་ནས་གླེང་རིན་མེད》ཅེས་པའི་ཁྱིམ་སྤྱོད་གློག་ཆས་ཉོ་བའི་སྐོར་གྱི་རྩོམ་ཡིག་གཅིག་ནང་དུ་དེའི་སྐོར་འཁོད་ཡོད།  2006ལོའི་ཟླ་10པར། “ཀུན་འདུས་སྨྱན་སྦྱོར”ཞེས་པ་ཐེངས་དང་པོར་གསར་འགྱུར་ཆེད་ལས་ཀྱི་ཐ་སྙད་ཅིག་ཏུ་བརྩིས་ནས།  《ཀྲུང་གོའི་སྨྱན་སྦྱོར་ཚན་རྩལ》ཞེས་པར་རྩོམ་ཡིག་གི་མིང་ལ《ཚགས་པར་ལས་རིགས་སྣེ་འཁྲིད་ཀྱིས“ཀུན་འདུས་སྨྱན་སྦྱོར་གྱི་དུས་རབས་སུ”བསྐྱོད་པ། པེ་ཅིང་སློབ་ཆེན་ཧྥང་ཀྲེང་གློག་རྡུལ་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ལིའུ་ཞའོ་ཁུན(刘晓昆)ལ་བཅར་འདྲི་ཞུ་བ》ཞེས་པའི་ནང་གསལ།  དུས་དེ་ནས་བཟུང་གསར་འགྱུར་བརྒྱུད་བསྒྲགས་རིག་པའི་ཁྲོད་ཀུན་འདུས་སྨྱན་སྦྱོར་ཞེས་པ་སྤྱོད་སྒོ་ཆེ་བའི་ཆེད་ལས་ཐ་སྙད་ཅིག་ཏུ་གྱུར།    

    ཀུན་འདུས་སྨྱན་སྦྱོར་ཞེས་པ་ནི་ཆ་འཕྲིན་བརྒྱུད་བསྒྲགས་བྱེད་པར་ཡི་གེ་དང་།  སྐད་སྒྲ།  བརྙན་ཕབ།  འགུལ་རིས།  དྲ་ངོས་སོགས་སྨྱན་བྱེད་མང་པོས་མཚོན་པའི་སྨྱན་བྱེད་སྣ་མང་གི་བྱ་ཐབས་སྤྱད་པ་དང་།  རླུང་འཕྲིན་དང་།  བརྙན་འཕྲིན།   གློག་བརྙན།  དཔེ་སྐྲུན།  ཚགས་པར།  དུས་དེབ།  དྲ་ཚིགས་སོགས་སྨྱན་སྦྱོར་གྱི་རྣམ་པ་མི་འདྲ་བའི་ཐོག་ནས་ལས་སྒོ་མཉམ་འདྲེས་ཀྱི་ལས་ལ་ཞུགས་པར་གོ  རླུང་འཕྲིན་བརྙན་འཕྲིན་དྲ་བ་དང་། གློག་འཕྲིན་དྲ་བ།  དེ་བཞིན་མཉམ་འབྲེལ་དྲ་རྒྱའི་བརྒྱུད་སྤེལ་བཅས་དྲ་གསུམ་མཉམ་འདྲེས་བྱས་པ་བརྒྱུད་མཐར་སྤྱོད་མཁན་གྱིས་བརྙན་འཕྲིན་དང་།  གློག་ཀླད། ལག་ཐོགས་ཁ་པར་བཅས་ཀྱི་བརྙན་ཤེལ་གསུམ་གྱི་མཐའ་སྣེ་སྣ་ཚོགས་ལ་བརྟེན་ནས་ཆ་འཕྲིན་མཉམ་འདྲེས་དང་བསྡུ་ལེན་ཐུབ་པ་བྱས་ཏེ་མི་སུ་འདྲ་ཞིག་གིས།  དུས་ནམ་དང་།  གནས་གང་དུ། མཐའ་སྣེ(终端)གང་རུང་ལ་བརྟེན་ནས་དགོས་འདོད་ཀྱི་ཆ་འཕྲིན་ཤེས་རྟོགས་ཐུབ་པ།  

    རང་རྒྱལ་དུ་གསར་འགྱུར་བརྒྱུད་བསྒྲགས་རིག་པའི་མཁས་དབང་ཚོས་ཀུན་འདུས་སྨྱན་སྦྱོར་ལ་ཕྱོགས་མི་འདྲ་བ་ནས་མཚན་ཉིད་འཇོག་ཡོད་དེ།  འགའ་རེས་“གཉེར་སྐྱོང་འདུ་ཤེས་”ལ་གོ་བར་བཤད་པ་དང་།  འགའ་རེས་“བརྒྱུད་བསྒྲགས་རྣམ་པར”གོ་བར་བཤད།  2009ལོའི་ཟླ་7པར་ཀྲུང་གོ་མི་དམངས་སློབ་ཆེན་གསར་འགྱུར་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ཕེང་ལན(彭兰)གྱི《སྨྱན་བྱེད་མཉམ་འདྲེས་ཁྲོད་ཀྱི་འགག་རྩའི་འཕོ་འགྱུར་བཞི》ཞེས་པའི་ནང“ཀུན་འདུས་སྨྱན་སྦྱོར”གྱི་ཐ་སྙད་གསལ་པོ་བཏོན་ཡོད་དེ།  ཁོང་གིས་ཀུན་འདུས་སྨྱན་སྦྱོར་ནི་ལས་སྒོའི་འཁོར་སྐྱོད་སྤྱི་ཡོངས་ཀྱི་རྣམ་པ་དང་ཐབས་ཇུས་ལ་ཟེར་ཞིང་།  དེ་ནི་སྨྱན་སྦྱོར་གྱི་བྱ་ཐབས་དང་ལས་སྟེགས་ཚང་མ་སྤྱད་དེ་འཕྲིན་སྤེལ་མ་ལག་ཆེན་པོ་ཞིག་གཏོད་རྒྱུ་དང་།  རྣམ་པ་རྐྱང་པ་དང་ལས་སྟེགས་རྐྱང་པ་མ་ཡིན་པར་ལས་སྟེགས་མང་པོའི་ཐོག་རྣམ་པ་སྣ་མང་བརྒྱུད་འགོད་སྤེལ་བྱེད་བཞིན་ཡོད་པ་དང་། ཚགས་པར་དང་།  རླུང་འཕྲིན།  བརྙན་འཕྲིན།  དྲ་བ་སོགས་ནི་ཀུན་འདུས་སྨྱན་སྦྱོར་གྱི་འཕྲིན་སྤེལ་མ་ལག་གི་གྲུབ་ཆ་ཞིག་ཡིན་པར་གསུངས།  2009ལོའི་ཟླ་11པར་ནན་ཅིང་ཆབ་སྲིད་སློབ་གླིང་དམག་དོན་གསར་འགྱུར་བརྒྱུད་བསྒྲགས་ཚན་ཁག་གི་ཀྲོའུ་དབྱང(周洋)གིས“ཀུན་འདུས་སྨྱན་སྦྱོར”ཞེས་པའི་ཐ་སྙད་དེ་སྨྱན་སྦྱོར་ལས་རིགས་ཀྱི་བཀོལ་སྤྱོད་ལག་ལེན་ལས་བྱུང་ཞིང་། སྨྱན་སྦྱོར་ཁག་མཉམ་འདྲེས་ཀྱི་ལམ་བུའི་ཐོག་བསྐྱོད་རྗེས་ཀྱི“སྨྱན་བྱེད་ལས་སྒྲོལ་བའི”ཐོན་དངོས་ཤིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད། 

    མདོར་ན། ཀུན་འདུས་སྨྱན་སྦྱོར་ནི་ཡི་གེ་དང་། གཟུགས་རིས། པར་རིས། འགུལ་རིས། སྒྲ། བརྙན་ལམ་སོགས་སྨྱན་སྦྱོར་གྱི་མཚོན་ཐབས་སྣ་ཚོགས་འཛོམས་པའི་རྨང་གཞིའི་ཐོག་སྨྱན་བྱེད་ཀྱི་རྣམ་པ་མི་འདྲ་བའི་དབར་མཉམ་འདྲེས་བྱས་པ་ཞིག་ཡིན་ཞིང་། དེ་ནི་ངོ་བོའི་ཐོག་ནས་འགྱུར་ལྡོག་བྱུང་རྗེས་ཀྱི་ཁྱབ་སྤེལ་རྣམ་པ་གསར་པ་ཞིག་ཡིན།  ཀུན་འདུས་སྨྱན་སྦྱོར་གྱིས་ཐབས་ལམ་སྣ་ཚོགས་དང་གོ་རིམ་སྣ་ཚོགས་ཀྱི་བརྒྱུད་བསྒྲགས་རྣམ་པ་མཁོ་འདོན་བྱས་ནས་མང་ཚོགས་ཀྱི་ཞིབ་ཕྲའི་དགོས་མཁོ་བསྐངས་ཏེ་མང་ཚོགས་ལ་དུས་ཐོག་དང་། ཟུར་ཚད་མང་བ། ཉན་འདོད་དང་མཐོང་འདོད་ཀྱི་བློ་མུ་མཐུད་བསྐང་བར་བྱ་རྒྱུའི་སྨྱན་སྦྱོར་ཉམས་ལེན་གྱི་གནད་དམ་པ་ཞིག་ཡིན་པ་ལགས།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།