གནམ་ལོ་གསར་པའི་ཁ་གཡང་།
ཞོགས་སྐྱ་རེངས་དང་པོས་ཁ་གཡང་བསྒྲིགས་ཏེ། །
ལོ་གསར་པའི་རྟེན་འབྲེལ་གཙང་མ་མངོན་ནས། །
བསང་ལྷ་དུད་སྔོན་མོ་དགུང་དུ་བཏང་ཞིང་། །
ཚིག་སྙན་མོས་བཀྲ་ཤིས་སྨོན་འདུན་ཕུལ་ཡོད། །
ཡིད་དགའ་སྐྱོ་འདྲེས་མའི་གྲུ་ཟུར་རེ་ནས། །
ཉིན་སུམ་བརྒྱ་དྲུག་ཅུ་དེ་ལྟར་བཞུད་སོང་། །
དོན་ཐོབ་ཤོར་གཉིས་ཀྱི་འགྲུལ་བཞུད་ཀློང་ནས། །
དུས་སྟོང་ལོ་ཉེར་བཞིར་རྫོགས་ཚིག་བཀོད་ཡོད། །
ལུས་གཟབ་མཆོར་གསར་པས་རབ་ཏུ་བཀླུབས་ཤིང་། །
སྐྱིད་གཞིས་ཁྱིམ་ལྷན་འཛོམས་དགོད་སྒྲའི་ཁྲོད་ནས། །
ཇ་ནས་ཆང་འོ་མའི་མཆོད་ཁ་དང་པོས། །
རྟགས་རྟེན་འབྲེལ་འཛོམས་པའི་གཡང་ལོ་བསུའོ། །
ངས་དྲི་མེད་ལྷ་དར་དཀར་པོ་བཏེགས་ཏེ། །
ལོ་གསར་པ་བསུ་བའི་སྟ་གོན་བྱས་ནས། །
ནང་སྤུན་ཟླ་སྐྱིད་པའི་སྨོན་ཚིག་བརྗོད་ཞོར། །
སྐྱིད་གནམ་ལོ་གསར་པར་རྟེན་འབྲེལ་ཞུས་ཡོད། །
བཀྲ་ཤིས་པའི་ཁ་གཡང་དཀར་པོ་ཞིག་གིས། །
ལོ་གསར་པ་བསུ་བའི་དབུ་ཁྱུད་བཀོད་དེ། །
ཚིག་དབྱངས་ལ་བརྒྱུས་པའི་གླུ་ཆུང་ལེན་ཞོར། །
གདངས་སྙན་མོ་ཞིག་གིས་སྨོན་འདུན་ཞུས་ཡོད། །
བཞུད་ཟིན་པའི་དགའ་སྐྱོའི་ལོ་ཟླ་སྐྱ་བོ། །
མིག་རྡེབ་ཡུན་ཙམ་ལ་རྒྱང་དུ་བཞུད་སོང་། །
སྐྱིད་རྫོགས་ལྡན་གསར་པའི་དུས་སྟོན་འདི་ལ། །
ལུས་ལྷོད་པོར་ཞུགས་ནས་ཐུགས་སྤྲོར་རོལ་དང་། །
ཡུལ་འཛམ་གླིང་ས་ཡི་གཙུག་རྒྱན་གང་སར། །
ཚིག་ཉམས་འགྱུར་སྟོང་གི་ཁ་གཡང་རྗོད་བཞིན། །
ཡིད་དགའ་སྤྲོའི་ཟེགས་མ་མཁའ་ལ་གཏོར་ཏེ། །
ལོ་གསར་པའི་ཉི་གཞོན་འཛུམ་གྱིས་བསུས་ཡོད། །
སྐྱིད་གནམ་ལོ་གསར་པའི་དུས་བཟང་འདི་ལ། །
གཞོན་དར་མའི་བློ་འཕེལ་རྒན་པ་ཚེ་རིང་། །
མ་སྲུ་མོའི་སྐྱེ་གཟུགས་སྔར་བས་མཛེས་ཤིང་། །
སྟག་ཤ་རའི་ཉམས་བཟང་སྔར་ལས་རྒྱས་ཤོག །