དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • སྨོན་ཚིག་གསེར་གྱི་མེ་ལོང་།

    བོད་ཤིང་སྦྲུལ་ལོའི་ལོ་གསར་ལ་བསུ་བ་ཞུ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  བསོད་ནམས།   |     སྤེལ་དུས།  2025-02-25

    སྐྱིད་སྡུག་འདྲེས་མའི་འཚོ་བས་ལོ་གཅིག་བསྐྱལ། །

    སླར་ཡང་བདེ་སྡུག་འདྲེས་མའི་ལོ་ཟླ་བསུས། །

    གེགས་བར་ཞི་བའི་བསོད་ནམས་ཞིང་གི་ཁྱོན། །

    རྐང་བྲོ་གླུ་གཞས་གར་དབྱངས་དགའ་སྤྲོས་ཁེངས། །

    གངས་ཅན་ནམ་མཁར་གསེར་གྱི་གདུགས་མཆོག་ཕུབ། །

    ཕྱོགས་བཅུ་ཡོངས་སུ་ལོ་ལེགས་ལྟས་བཟང་འཆར། །

    བསམ་དོན་འགྲུབ་ལ་རེ་ལྟོས་འཆའ་བ་ཡི། །

    གཏན་བདེའི་ཇུས་བཟང་ནམ་ཡང་རྣམ་པར་རྒྱལ། །

    བོད་འབངས་ཡུན་རིང་བདེ་བར་འཚོ་བའི་ཞིང་། །

    བསིལ་ལྗོངས་ནོར་འཛིན་སྒེག་མོ་ཆུ་སྐྱེས་ཚལ། །

    དར་རྒྱས་བསུང་ཞིམ་ལྷང་ལྷང་འཐུལ་བའི་ཁྲོད། །

    བོད་མིའི་སྐྱིད་གླུ་རྐང་དྲུག་མགྲིན་གླུར་མཚུངས། །

    ཕྱོགས་མཐའ་འཁོར་བའི་ས་འཛིན་མཐོ་དམའ་ཀུན། །

    བྱེད་པོས་བཞེངས་པའི་རྒྱལ་མཚན་ཆེ་ཆུང་གཟུགས། །

    ནམ་ཡང་མི་ཞིག་བརྟན་ཞིང་བརྗིད་པའི་ཉམས། །

    མཐོ་བོད་འབྱུང་ཁམས་འགྱུར་མེད་དཔང་པོར་གྱུར། །

    ལ་ཀླུང་གང་སར་སྦྲེལ་བའི་བྲག་ཕུག་ལམ། །

    ཕན་ཚུན་སྦྲེལ་མཐུད་དཔལ་བེའུ་མཛེས་རིས་ཆགས། །

    སྐྱེལ་འདྲེན་འགྲུལ་བཞུད་སྐར་མདའ་འཁྱུག་པ་ཡིས། །

    དབོར་འདྲེན་དངོས་པོས་ས་གཞིའི་སྣོད་ཆེན་བཀང་། །

    དྲི་མེད་དྭངས་གཙང་ཕྱོགས་ཀུན་དལ་འགྲོའི་ཀློང་། །

    འཚེ་མེད་གནས་བཟོད་བདེ་བའི་ལྟོ་དཀར་ཉ། །

    ཅི་དགར་འཁྱུག་པའི་གཤོག་པའི་རྩལ་སྟོན་དེར། །

    བག་ཡངས་བྱ་ཚོགས་རྣམས་ཀྱིས་མཁའ་ནས་ལྟ། །

    འཕྲུལ་གྱི་མདངས་འཛིན་མཐའ་ཡས་རྩྭ་ཐང་ཀུན། །

    འཕེལ་ཁ་རྒྱས་པའི་དཀར་ནག་ཕྱུགས་ཀྱིས་བཀང་། །

    བཅུད་ལྡན་ཞོ་དང་འོ་མའི་རྒྱུན་བཟང་པོས། །

    འདོད་འབྱུང་བུམ་པ་བཀང་སྟེ་རྟེན་འབྲེལ་འགྲིག །

    བཅུ་ཕྲག་རིག་གནས་ལོ་རྒྱུས་སྙན་གྲགས་ཆེ། །

    མི་ཉམས་གོང་འཕེལ་ཤེས་དཔལ་འོད་སྟོང་འབར། །

    སྲིད་འབྱོར་ཕུན་ཚོགས་ཡོངས་འདུས་གཏམ་བཟང་པོ། །

    དུང་དཀར་དབྱངས་ཀྱིས་སྒྲོག་པའི་བཀྲ་ཤིས་ཤོག །

    དམག་འཁྲུག་མུ་གེ་ནད་རིགས་གདོན་བགེགས་ཀུན། །

    རང་དགར་གཞོམ་པའི་སྐལ་བཟང་ཞི་བདེའི་ཡུལ། །

    སྨན་ལྗོངས་དབུ་འཕང་མཐོ་བའི་སྐྱེ་འགྲོའི་ཚོགས། །

    མདུན་སྐྱོད་འཁོར་ལོར་བཅིབས་པའི་བཀྲ་ཤིས་ཤོག །

    རིན་ཆེན་རྟགས་མཆོག་བརྒྱད་ལ་འགྲོགས་པའི་དོན། །

    དོན་དམ་བཟང་པོ་ཀུན་འདུས་ཤིང་སྦྲུལ་ལོ། །

    ལོ་གསར་བསུ་བའི་བདེ་ལེགས་སྨོན་པའི་ཚིག །

    ཚིག་སྦྱོར་དོན་ལྡན་དགེ་ལེགས་འཕེལ་གྱུར་ཅིག །

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།