གཉེན་བཤད་བཀྲ་ཤིས་སྨོན་ལམ།
ༀ་བདེ་ལེགས་སུ་གྱུར་ཅིག དེ་རིང་བཀྲ་ཤིས་པའི་ཉིན་མོ་ལ། གནམ་ལ་སྐར་མ་བཟང་། ས་ལ་དུས་ཚོད་བཟང་། བར་ལ་རྟེན་འབྲེལ་འགྲིག རྟེན་འབྲེལ་ལས་ཀྱི་འགོ་མ། བསོད་ནམས་ལས་ཀྱི་ཞིང་ས་ཞེས་ཤོད་སྲོལ་ཡོད་པ་ལྟར། དེ་རིང་བག་སྟོན་བཀྲ་ཤིས་ཉིན་མོ་ལ། ཕ་ཨ་ཁུ་ལྷན་རྒྱས་ཕེབས། མ་དང་སྲུ་མོ་རྣམ་པ་བྱོན། གཉེན་དང་ཉེ་བ་མང་པོ་འཛོམས། གྲོགས་ཡུལ་ལུང་གཅིག་པ་འདུས་པས། རྟགས་རྟེན་འབྲེལ་ལེགས། ལས་སྨོན་ལམ་བཟང་། ཚེ་བསོད་ནམས་འཛོམས་ཞེས་པའི་ཚིག་བཟང་པོ་དང་དོན་བཟང་པོས་སྔུན་བསུས་ཏེ། ཀ་བཤད་ཀྱི་ལམ་ནས་སྨོན་ལམ་ཚིག་ཁ་ཤས་བུ་དང་བུ་མོ་ཁྱེད་གཉིས་གཙོ་བོར་བྱས་ནས་ལྷན་རྒྱས་རྣམ་པའི་སྙན་ལམ་དུ་འབུལ་རྒྱུ་ཡིན་པས་གསན་གནང་ཡོད་པར་ཞུ།
ཀ་ཅ་གཡང་གིས་འཁྱིལ་བའི་ཁང་བཟང་དུ། ། ཁ་ཞེ་གཉིས་སུ་མེད་པའི་སྙིང་གཏམ་ཞིག །ག་སར་བསམ་པ་བཟང་པོ་འཆང་བཞིན་དུ། །ང་ཡི་སེམས་ཀྱི་གཏིང་ནས་སྨོན་ལམ་འདེབས། །ཅ་ཅོ་སྤངས་ནས་རང་དོན་མ་འཆུགས་ཤིང་། །ཆ་རྒྱུས་ཡོད་མེད་གང་ལ་མ་བལྟོས་པར། །ཇ་མར་ཐུད་གསུམ་རྟག་ཏུ་རོལ་བཞིན་དུ། །ཉ་རྒྱས་བློ་སེམས་ཁེངས་པའི་སྨོན་ལམ་འདེབས། །ཏ་ཟིག་ནོར་གྱི་རྒྱལ་པོའི་ལོངས་སྤྱོད་ལྟར། །ཐ་གྲུ་གང་དུ་སླེབས་ཀྱང་རོལ་བའི་ཁར། །
ད་ལྟ་ཉིད་ནས་ཕན་ཚུན་བརྩི་བཞིན་དུ། །ན་གཞོན་བསམ་དོན་འགྲུབ་པའི་སྨོན་ལམ་འདེབས། །པ་ཊའི་རིས་ལྟར་སེམས་པ་མི་འཁྱོག་པར། །ཕ་མ་བྱམས་སེམས་ཅན་གྱི་ཞལ་ཏ་ལས། །བ་ཀུ་ལ་ལྟར་སྤྱོད་བཟང་སྲུང་གིན་དུ། །མ་ལྟར་བརྩེ་བ་ཟབ་པའི་སྨོན་ལམ་འདེབས། །ཙ་རི་གནས་བཟང་བསྐོར་བའི་དགེ་བ་དང་། །ཚ་གྲང་དཀའ་ཐུབ་སྤྱད་པའི་ཕན་ཡོན་ལས། །ཛ་ཏི་སྨན་མཆོག་ལུས་ལ་ཕན་པ་ལྟར། །ཝ་ལེར་རིགས་བཟང་སྐྱེ་བའི་སྨོན་ལམ་འདེབས། །ཞྭ་ལྟར་གོང་དུ་བཀུར་བའི་ལྷན་རྒྱས་ཚོས། །ཟ་འཐུང་གང་དགའི་དཔལ་ལ་རོལ་གྱུར་ནས། །འ་ཅག་ཕན་ཚུན་སྤྲོ་བ་འཕེལ་བའི་ཆེད། །
ཡ་རབས་སྤྱོད་བཟང་འཛོམས་པའི་སྨོན་ལམ་འདེབས། །
ར་རྫི་རྒན་པོས་ར་ལ་བརྩེ་བ་ལྟར། །ལ་དང་ལུང་པ་གང་དུ་བསླེབས་ན་ཡང་། །ཤ་ཞེན་ཆེ་བའི་ལྷག་བསམ་འཆང་བཞིན་དུ། །ས་ཆ་འདི་གར་བསམ་དོན་འགྲུབ་པར་ཤོག །ཧ་གཉིད་སད་པའི་ཁྱོ་ཤུག་ཁྱེད་གཉིས་ལ། །ཨ་ཁུ་ཨ་ནེས་བཤད་པའི་སྙིང་གཏམ་ཡིན། །བཀྲ་ཤིས་ནམ་མཁར་གང་བའི་སྨོན་ལམ་དང་། །བདེ་ལེགས་ས་གཞིར་ཁྱབ་པའི་བྱིན་རླབས་ལས། །ཕུན་སུམ་གཡང་རྟེན་ཚོགས་པའི་རྟེན་འབྲེལ་ཞུ། །