ལྷ་སར་ཁ་བ་བབས་རྗེས།
ཀ་ཤིའི་རས་ནི་ས་ལ་བཏིང་ཞིང་སྲིང་བལ་དག་ནི་ཤིང་རྩེར་བསྐོན། །
ཁ་བ་དང་པོ་མ་བོས་མགྲོན་བཞིན་གནའ་གྲོང་ལྷ་སར་ཕྱག་ལ་ཕེབས། །
ག་བུར་རྡུལ་གྱི་ར་རི་བཀྲུས་ཤིང་དེ་ཡིས་མི་སྡུག་ཡོད་ཚད་བཀབ། །
ང་ཡིས་ཉི་གཞོན་མ་ཤར་གོང་ནས་ནོར་བུ་གླིང་གའི་ཕྱོགས་སུ་བསྐྱོད། །
ཅ་ཅོ་ཡོད་ཚད་ཁ་བས་འཇིབས་སམ་ཁོར་ཡུག་དེ་འདྲའི་དབེན་པ་ལ། །
ཆ་ཤས་ཁ་བའི་རྡུལ་མང་བརྩེགས་པས་ཁོར་ཡུག་དེ་འདྲའི་གཙང་བ་ལ། །
ཇ་ཁང་ནང་ལ་འཛུལ་ནས་མ་བཞུགས་དེ་རིང་མཛེས་ལྗོངས་ལྟ་བར་ཕེབས། །
ཉ་གང་ཟླ་བའི་དཀར་མདངས་བཞེས་པ་གངས་དང་བསྡུར་ན་སླ་པོ་རེད། །
ཏ་ལེར་འགྲོ་བའི་ལམ་ཁའི་སྟེང་ལ་བདག་གི་རྐང་རྗེས་གསལ་པོར་མངོན། །
ཐ་མལ་སྲོག་ཆགས་འབུ་སྲིན་བགྲོད་ཀྱང་དེ་རིང་བགྲོད་རྗེས་སླ་པོར་འཇོག །
ད་ནི་གོམ་པ་གང་དུ་སྤོས་ཀྱང་ལམ་བཤངས་དཔའ་བོ་རེད་ལགས་ན། །
ན་གཞོན་སྙིང་སྟོབས་ཅན་ཚོ་མ་བཞུགས་རྐང་རྗེས་དང་པོ་འཇོག་པར་ཕེབས། །
པ་གོར་བེ་རོ་ཙ་ན་ལ་སོགས་སྔོན་བྱོན་མཁས་པས་གཙོ་བྱས་པའི། །
ཕ་མེས་དྲིན་ཅན་ཁྲི་སྟོང་མང་པོའི་གོམ་རྗེས་ཁོ་ན་མ་ངོམས་པར། །
བ་སོ་ལྟ་བུའི་གངས་ཀྱི་སྟེང་ལ་རྐང་རྗེས་གསར་པ་འཇོག་པ་བཞིན། །
མ་བཟང་བུ་དང་བུ་མོ་རྣམ་པས་རྗེས་ཤུལ་གསར་པ་འཇོག་པར་མཛོད། །
ཙ་ཀོ་ར་སོགས་གངས་ཀྱི་ཁྲོད་དུ་ཟ་འཐུང་འཚོལ་བའི་ཚུལ་དེར་ལྟོས། །
ཚ་གྲང་ཐེག་པའི་གཅན་གཟན་རི་དྭཊ་ང་ཚོས་མིག་དཔེར་འཛིན་པར་འོས། །
ཛ་དྲག་འཚོ་བའི་གངས་རླུང་ཁྲོད་དུ་དཔའ་ངར་གྲོགས་སུ་བསྟེན་པ་ན། །
ཝ་ལེར་བཅངས་པའི་ཕུགས་འདུན་སྒྲུབ་པར་ཐེ་ཚོམ་བྱེད་པའི་དགོས་པ་མེད། །
ཞྭ་མོ་པགས་ཞྭ་གྱོན་པ་རྣམས་ཚོས་རྩྭ་ཁ་བཟང་ཞེས་དགའ་སྣང་བྱེད། །
ཟ་འོག་མ་ཡིན་སྣམ་གོས་ཅན་ཚོས་ལོ་མོ་ལེགས་ཞེས་སྐྱིད་སྣང་བྱེད། །
འ་ཅག་སྨྱུ་གུ་འཛིན་པ་རྣམས་ཚོས་སྙན་ངག་བརྩམས་ནས་སྤྲོ་སྣང་བྱེད། །
ཡ་སོ་བུད་པའི་བྱིས་པ་རྣམས་ཚོས་གངས་མི་བཟོས་ནས་རྩེད་སྣང་བྱེད། །
ར་རི་མ་ལུས་ཁ་བ་འདི་ཡིས་གཙང་མར་བཀྲུས་ན་དགའ་བ་ལ། །
ལ་ཀླུང་ཀུན་ལ་ཁ་ཤུལ་ཉི་མ་དྲོ་ཞིང་འཇམ་ན་སྐྱིད་པ་ལ། །
ཤ་ཉེ་གྲོགས་མཆེད་ཚང་མའི་འབྲེལ་བ་གངས་ལྟར་དཀར་ན་དགའ་བ་ལ། །
ས་སྟེང་མི་ཡི་སྐྱིད་སྡུག་ལས་དབང་གངས་ལྟར་སྙོམས་ན་སྐྱིད་པ་ལ། །
ཧ་ཅང་ལེགས་པའི་ཚིག་གི་སྡེབ་སྦྱོར་འབྲོང་རྩེ་བ་ཡིས་མ་ཤེས་ཀྱང་། །
ཨ་ལི་ཀ་ལིའི་གྲོང་ཚིག་ཕྲེང་བ་བཙན་གྱིས་བསྒྲིགས་ནས་ཁྱེད་ལ་ཕུལ། །