དཔྱིད་དཔལ་བསུ་བའི་མགྲོན་བརྡ།
བྱ་ཁུ་བྱུག་མོན་ནས་ཕེབས་དུས་སུ། །
ས་ཁྱོན་ལ་དྲོད་ཀྱི་འཚོ་བཅུད་འཕེལ། །
རླུང་བསིལ་བསིལ་ས་གཞིར་ལྡང་བ་འདི། །
དུས་དང་པོ་དཔྱིད་དཔལ་བསུ་བའི་གཞི། །
དགུང་སྔོ་བསངས་ལྷ་ལམ་ཡངས་པོའི་དབུས། །
སྤྲིན་དཀར་པོ་ཚམ་ཚོམ་ལུག་ཁྱུ་བཞིན། །
ཆར་སིམ་སིམ་མཚམས་མེད་འབབ་པ་འདིས། །
ས་ཁྱོན་ལ་དཔྱིད་ཀྱི་འཛུམ་མདངས་བཞད། །
དུས་འགོ་མ་དཔྱིད་ཀྱི་དཔལ་མོ་ལ། །
མཛེས་མདང་གསུམ་ཁམ་བུའི་མེ་ཏོག་འདི། །
ཡིད་དང་བ་འཕྲོག་པའི་ཀོང་ཡུལ་འདིར། །
ཆེས་ཚར་དུ་དངར་བའི་མཛེས་རྒྱན་བསྒྲོན། །
ཡུལ་དྭགས་ཀོང་དཔྱིད་དཔལ་ཤར་དུས་ལ། །
བྱ་ཁྱུ་ཚོགས་གསུང་སྙན་འགྲན་དུས་རེད། །
ཤིང་ཤུག་པའི་ཤུག་ལོ་རྒྱས་དུས་སུ། །
བྱ་ཁུ་བྱུག་མགྲོན་གྱི་སྔ་མ་རེད། །
ནགས་སྟུག་པོ་ཤིང་སྣ་འཛོམས་ས་ན། །
བྱ་ཁྱུ་ཚོགས་གསུང་སྙན་ཀྱུ་རུ་རུ། །
དེའི་དབུས་ཀྱི་ཁུ་བྱུག་སྔོན་མོ་འདིས། །
ཡུལ་དྭགས་ཀོང་ཡུལ་ལ་བསྟོད་གླུ་ལེན། །
ཆར་སིམ་སིམ་འཇོ་བའི་བདུད་རྩི་འདི། །
རྩྭ་རྩི་ཤིང་གསོ་བའི་སྨན་མཆོག་འདྲ། །
དེའི་རྗེས་ཀྱི་དབང་གཞུའི་འཇའ་རིས་འདི། །
ཡུལ་དྭགས་ཀོང་མཛེས་བྱེད་རྒྱན་དུ་ངོམས། །
དཔྱིད་དཔལ་མོའི་འཛུམ་ཞལ་འཕྱུར་དུས་སུ། །
ཡུལ་དྭགས་ཀོང་མཛེས་པ་ཀུན་ལ་གྲགས། །
ནགས་ཚང་ཚིང་བཀླུབས་པའི་གནས་མཆོག་འདི། །
ཡུལ་ཀུན་གྱི་ཁྱད་འཕགས་དག་ཞིང་ངོ་། །