རྫོང་རྒྱབ་ཀླུ་ཁང་དུ་བསྐྱོད་པའི་མཐོང་ཐོས།
རྫོང་རྒྱབ་ཀླུ་ཁང་ནི་ལྷ་སའི་མི་རྣམས་རྒྱུན་པར་བག་ཡངས་སུ་གནང་སའི་གནས་ཁྱད་པར་ཅན་ཞིག་ཡིན་ཚུལ་ཐོས་བྱུང་། ང་རང་ཡང་དེ་གར་ཐེངས་ཁ་ཤས་འགྲོ་མྱོང་ཡང་ཁོར་ཡུག་ལ་དོ་སྣང་ཞིབ་ཚགས་བྱེད་མ་མྱོང་སྟབས། ད་ནངས་ཞོགས་པ་ངས་ཆེད་དུ་རྫོང་རྒྱབ་ཀླུ་ཁང་ལ་རྒྱུས་ལོན་བྱེད་དུ་ཕྱིན་པ་ཡིན།
ནམ་མཁའ་སྔོ་ཞིང་དྭངས་ལ་གསེར་མདོག་གི་ཉི་འོད་པོ་ཏ་ལའི་རྩེ་མོར་གསལ་ལེར་འཕྲོས་འདུག དྲི་བཞོན་དལ་གྱིས་ལྡང་བ་ན་ལྗོན་ཤིང་གི་ཡལ་ག་ཕྲ་མོ་དག་ཕར་གཡོ་ཚུར་གཡོ་བྱེད་བཞིན་འདུག ངས་ཀུན་གསལ་ས་ལ་ལྷུངས་པ་ལྟ་བུའི་དྭངས་ཤིང་སྔོ་བའི་གནམ་མཚོ་ཕྱུག་མོ་མཐོང་མྱོང་ལ། མཐའ་ཨ་སྔོན་དང་འདྲེས་པ་ལྟ་བུའི་བྱ་རིགས་དུ་མའི་ཕ་ས་མཚོ་སྔོན་པོའང་མཐོང་མྱོང་། འོན་ཏེ། རྫོང་རྒྱབ་ཀླུ་ཁང་གི་མཚེའུ་འདི་འདྲ་བ་ཁྱད་ཆོས་དང་ལྡན་པ་མཐོང་མ་མྱོང་། དེའི་གཡས་གཡོན་དུ་རྒན་གཞོན་མང་པོ་ཞིག་ངལ་གསོ་ཞོར་འཆམ་འཆམ་ལ་འགྲོ་བཞིན་འདུག ལུས་འཁར་བ་ལྟར་གུག་པའི་བགྲེས་སོང་ཚོས་ཀླུ་ཁང་གི་སྒོ་ཁར་ལག་བྲང་ཁར་སྦྱར་ནས་གཡོ་མེད་དུ་སྒོ་གསུམ་གུས་པས་གསོལ་བ་འདེབས་པའི་ཚུལ་འདི་མཐོང་དུས་ང་ཡང་རང་སྟོབས་ཀྱིས་ཁོ་ཚོར་སྙིང་རྗེ་འགོག་མེད་དུ་སྐྱེས། ཉི་འོད་དལ་གྱིས་ཆུ་ངོས་སུ་འཕྲོས་པ་ན་མཚེའུ་འདི་ཉིད་མདོག་ཇེ་སྔོ་ནས་ཇེ་སྔོར་གྱུར་ཏེ་དེའི་འོད་ཟེར་གྱིས་འདྲེན་བྱེད་ཀྱང་ལྟ་བར་མི་བཟོད་པར་གྱུར། མཚེའུའི་ནང་དུ་ངང་པ་དང་སྐྱ་མོ་སོགས་བྱ་བྱེའུ་རྣམས་རྩེད་འཇོར་རོལ་བཞིན་ཉ་མོ་དང་ལྷན་དུ་རྐྱལ་རྩལ་འགྲན་པའི་ཚུལ་དུ་སྣང་།
པོ་ཏ་ལའི་ལྟག་རྒྱབ་ཏུ་གནས་པའི་རྫོང་རྒྱབ་ཀླུ་ཁང་ཞེས་ལྗོན་ཤིང་དུ་མས་ཁེངས་པའི་སྐྱེད་ཚལ་གྱི་དབུས་སུ་ཐོག་སོ་གསུམ་ཅན་གྱི་ཕོ་བྲང་ཡང་སྟེང་དུ་རྒྱ་ཕིབས་ཟུར་དྲུག་ཏོག་ཅན་གྱིས་བརྒྱན་ཡོད་པ་ནི། ལོ་རྒྱུས་ཁག་ལས་གསལ་བ་ལྟར། ཕོ་བྲང་དཀར་པོ་དང་ཕོ་བྲང་དམར་པོ་བཞེངས་དུས་འཛུགས་སྐྲུན་ལ་མཁོ་བའི་ས་རྣམས་དེ་ནས་བླངས་སྟབས་དེར་གཞི་རྒྱ་ཆེ་ཙམ་གྱི་ས་དོང་ཞིག་ཆགས། རྒྱལ་དབང་ཚངས་དབྱངས་རྒྱ་མཚོས་དེ་གར་འཁྱིལ་བའི་ཆུ་དཀྱིལ་དུ་ཕོ་བྲང་དེ་བཞེངས་པས་ད་གཟོད་གནམ་འོག་ཏུ་འགྲན་ཟླ་བྲལ་བའི་གླིང་ག་ཞིག་ཏུ་གྱུར། མཚེའུ་དང་ཕོ་བྲང་གི་དབྱིབས་རྣམས་ཀླུའི་དཀྱིལ་འཁོར་ལ་དཔེ་བླངས་ཏེ་བཞེངས། ཕོ་བྲང་གི་ལྡེབས་བྲིས་ལ་སློབ་དཔོན་རིན་པོ་ཆེའི་རྣམ་ཐར་སོགས་འཁོད་འདུག དེའི་ནུབ་ངོས་སུ་རྒྱལ་དབང་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོའི་སྐབས་བཞེངས་པའི་བྱང་ཆུབ་མཆོད་རྟེན་ཞེས་ལྟ་ན་སྡུག་པ་ཞིག་ཀྱང་འདུག་གོ ཀླུ་ཁང་གི་ལྡེབས་རིས་བྲིས་རྒྱུན་ནི་བོད་ཀྱི་སྲོལ་རྒྱུན་རི་མོའི་ལུགས་ཆེན་པོ་བཞིའི་ཡ་གྱལ་སྨན་ལུགས་རྙིང་མའི་བྲིས་རྒྱུན་ཡིན་ཞིང་། ཁྱར་པར་གླིང་ག་འདིར་གཞན་དང་མི་འདྲ་བ་ཞིག་ཡོད་པ་ནི་ས་ག་ཟླ་བའི་སྐབས་དད་ལྡན་ཚོས་ཞོགས་པར་རྩེ་པོ་ཏ་ལར་སྐོར་བར་འགྲོ་བ་དང་ཕྱི་དྲོར་འདི་གར་གྲུ་གཏོང་བ་དང་གཞས་རྣམ་ཐར་ལ་རོལ་བ་སོགས་སྤྲོ་སྐྱིད་གནང་གི་ཡོད།
ར་བའི་མཐའ་འཁོར་དུ་ཡོད་པའི་རྒྱ་ལྕང་ནི་ཀ་བ་ལྟར་འདྲོང་ཞིང་ཀྲོང་ངེར་གནས་ཏེ་གསར་སྨིན་གྱི་མྱུ་གུའི་ཚོགས་ལ་བསུ་མ་ཞུ་བ་ལྟར་སྣང་། དུས་བཞིར་འགྱུར་བ་མེད་པའི་ཤིང་བཟང་ཤུག་པ་དག་ནས་མངར་སང་སང་གི་དྲི་བསུང་འཐུལ་ཞིང་། སྦྱར་པ་དང་ད་དུང་སྔར་མཐོང་མྱོང་མེད་པའི་ཤིང་སྣ་མང་པོས་རང་རང་གི་སྐྱེ་གཟུགས་འགྲན་པ་ལྟར་རྩེ་མོ་མཁའ་ལ་སྙེག་ནས་འདུག ལུས་སེམས་ཀྱི་ངལ་དུབ་སེལ་ཕྱིར་ལྷ་སའི་གྲོང་མི་རྣམས་དགའ་བའི་འཛུམ་དང་བཅས་རང་རང་དགའ་བའི་གླུ་གར་སྒྱུ་རྩལ་ལ་མྱོང་རོལ་བྱེད་བཞིན་འདུག་ལ། བགྲེས་སོང་རྣམས་ཀྱང་ལོ་རྒྱུས་ཡུན་རིང་ལྡན་ལ་སྟངས་སྟབས་མཛེས་པའི་ནང་མ་སྟོད་གཞས་ལ་དབྱིངས་ཚུད་ནས་ཉི་མ་བྱོན་ལ་ཉེ་ཡང་ད་དུང་གནས་དེ་ནས་གྱེས་འདོད་མི་བྱེད་དོ།།
སྨྲས་པ།
རང་བྱུང་བཀོད་པ་དོད་པའི་སྐྱེད་ཚལ་འདི། །
ཁ་བ་ཅན་དུ་གནས་པ་མེས་པོའི་དྲིན། །
ད་ཆ་འཛུགས་སྐྲུན་བཀོད་པ་རབ་མཛེས་པ། །
དམངས་ཕན་སྐྱེད་ཚལ་ཀླུ་ཁང་ཨེ་མ་སྐྱིད། །