ཕ་མ་དྲན་པ་ཐེངས་གཅིག་མིན།
ཞོགས་པའི་ཉི་ཟེར་ལུས་ལ་ཕོག་རུང་། །
སེམས་ཀྱི་རུམ་ཁར་དྲོད་ཅིག་མི་འདུག །
གཞན་ཡུལ་འཚོ་བའི་ཉིན་མ་རེ་རེར། །
ཕ་མ་དྲན་པ་ཐེངས་གཅིག་མིན་ནོ། །
ལྷོ་བྱང་གཉིས་ཀྱི་ཆུ་འཛིན་དཀར་མོ། །
ས་མཐར་རྒྱུ་བའི་མི་ང་འདྲ་བྱུང་། །
ཆུ་འཛིན་གསེབ་ཀྱི་ཉི་ཟླ་མཐོང་དུས། །
དྲིན་ཆེན་ཕ་མ་ཝ་ལེར་དྲན་བྱུང་། །
སྒྲ་སྙན་འབྲུག་མགོ་ལག་ལ་ཐོགས་ན། །
སོར་མོས་དབྱངས་ལ་རམ་འདེགས་བྱེད་དེ། །
མཚུངས་མེད་ཕ་མ་དྲན་པའི་གླུ་ཆུང་། །
ངག་ནས་དབང་མེད་ལེན་པར་ཐལ་ལོ། །
རེ་བའི་སྡོང་པོས་མགོ་ལྕོག་ལྡེམ་དུས། །
རྒྱ་ལྕང་ལོ་མ་ས་ལ་ལྷུངས་སོང་། །
ཡ་ཆུང་སེམས་པ་འཕར་ཞིང་ལྡིང་དུས། །
བྱམས་ལྡན་ཕ་མ་ལྷང་ངེར་དྲན་བྱུང་། །
ནམ་ཟླ་དགུན་ཁའི་རླུང་བུ་ངར་མས། །
དམར་ཆུང་སེམས་པ་གྲང་གིས་གཙེས་བྱུང་། །
ཁྲི་གདུགས་ཉི་མ་དགུང་ནས་འཛུམ་དུས། །
ཕ་མའི་བཀའ་དྲིན་ཝ་ལེར་དྲན་བྱུང་། །
སྐྱ་རེངས་བུ་མོ་མཐོངས་ནས་འཕགས་དུས། །
ཁྱིམ་དང་ལྷས་ཀྱི་སྒོ་ཁར་བྲེལ་བའི། །
སེམས་ཀྱི་མར་མེ་ཀོང་བུ་རྣམ་གཉིས། །
དྲན་ནས་མིག་མཐའ་མཆི་མས་བརླན་སོང་། །