དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • ཨ་ལ་སྣང་སྐྱིད་རྒན་པོའི་གླུ

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  དཔལ་ལྡན་ལྷུན་གྲུབ།   |     སྤེལ་དུས།  2025-02-18

    ཉི་འོད་སྣུམ་པའི་ཟེར་མདངས་འཕྲོ་ས། །

    ལྗང་ལོ་གཡུ་ཡི་འདབ་ལོ་བསྙིལ་ས། །

    ཕ་ས་ཕ་ཡུལ་བདེ་ལྡན་ཡུལ་གྱི། །

    འདས་དང་ད་ལྟའི་སྒལ་གཤོངས་ཡངས་པ། །

    ལོ་ཟླའི་ཁུར་པོས་ཡང་ཡང་བརྙས་ཀྱང་། །

    གནག་སྣུམ་སྐྲ་ལོའི་ཚོན་མདངས་འགྱུར་ཡང་། །

    ལྡབ་ལྡིབ་སྨྲ་ལྕེའི་གོམ་འགྲོས་འཁྱོར་ཡང་། །

    རྒན་རྒོན་ཚེ་མཇུག་བདེ་བར་རོལ་ས། །

    ང་དང་ཁྱོད་ཅེས་ཞེ་འཁོན་དབེན་ཞིང་། །

    མཁྲེགས་འཛིན་རྨོངས་པའི་རྣམ་རྟོག་མེད་པའི། །

    འགྲོ་དྲུག་སེམས་ཅན་བརྩེ་བས་སྐྱོང་ས། །

    ཕ་ས་ཕ་ཡུལ་བདེ་ཅན་ཞིང་ཡིན། །

    ཡར་ན་ལྷ་ཞེས་སྐྲག་དོན་མི་འདུག །

    ཕར་ན་བཙན་ཞེས་དངངས་དོན་མེད་འདི། །

    འབྱོར་འབྲིང་འཚོ་བའི་གྲུ་ཟུར་འདི་ན། །

    གཞས་དང་ཞབས་བྲོའི་འདུ་ལོང་འཁྲུག་པ། །

    སྒྲོ་འདོགས་ཐན་པའི་ལོ་ཏོག་སྐམ་ས། །

    སྐུར་འདེབས་ཤྭ་འོད་ཆུ་ལོག་འཇགས་ས། །

    གཡའ་དག་སྔོ་བསངས་ནམ་མཁའི་མཐོངས་ནས། །

    སྦྲང་ཆར་ཟིལ་མའི་འཛུམ་མདངས་བཀྲ་ས། །

    ཡོད་ཡོད་བརྒྱ་ཡི་བྲོ་གར་འཁྲབ་ས། །

    ཕྱོགས་བཞིའི་སྐུ་མགྲོན་གཅིག་ཏུ་འཛོམས་ས། །

    ཆུ་ནང་ཉ་མོ་ཆུ་ཁར་འཕྱོ་བའི། །

    གནས་སྐབས་འདི་ཡི་སེམས་པ་གསོ་རོགས། །

    ཡིད་ཀྱི་སྡོང་པོར་བསེར་རླུང་ལྡང་བས། །

    སེམས་ཀྱི་འདབ་ལོ་ལྷབ་ལྷུབ་གཡོས་སོང་། །

    འཚོ་བ་གསར་པའི་སྦྲང་ཆར་བབས་པས། །

    བདེ་སྐྱིད་མེ་ཏོག་བྲོ་གར་ལྡེམ་སོང་། །

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།