དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • ​མེ་ཏོག་གངས་ལྷ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ཕུར་རྒྱལ།   |     སྤེལ་དུས།  2025-02-16

    ལྷ་ས་ལྷ་ས་སྐྱིད་པ། དེ་ལས་ལྷ་ཀླུ་སྐྱིད་པ་ཞེས་པའི་ནང་མ་སྟོད་གཞས་དེའི་དབྱངས་ཀྱི་འགྱུར་ཁུག་ལ་ཉན་བཞིན་པའི་སྐྱེ་བོ་མང་པོ་ཚ་བས་གདུང་བའི་གླང་ཆེན་ཁྱུ་གཅིག་པདྨའི་མཚོ་ལ་འཇུག་པ་ལྟར། ལྗོན་ཤིང་གི་བསིལ་གྲིབ་འོག་ཏུ་ཚ་གཡོལ་དང་བཅས་གླུ་གར་ལ་རོལ་བ་ནི་སྐྱེ་རྒ་ན་འཆིའི་སྡུག་བསྔལ་ཡོད་དོ་ཅོག་ཆོམ་རྐུན་གྱིས་བཅོམ་པ་བཞིན་ནམ་ཡང་འཆི་རྒྱུ་ཨེ་ཡོད་སྙམ་པའི་སྣང་བ་ཞིག་སྟེར་ལ། ང་རང་ཡང་རེ་ཞིག་སོམ་ཉིའི་གནས་སུ་ཚུད།

    མི་ཚོགས་ཀྱི་དབུས་ན། དབུ་སྐྲ་སྐྱ་ཕྱེད་སྔོ་ཕྱེད་ལ་དབུ་ཞྭ་རས་ཀྱི་ཐང་ཁུག་ཕྱི་ནང་སློག་པ་འདྲ་བ། དུས་ཀྱི་ཕོ་ཉས་བྲིས་པའི་ཐོད་པའི་གཉེར་མ་བང་རིམ་དགུ་བརྩེགས། ཞལ་གྱི་གཡས་གཡོན་དུ་ལོ་ཟླའི་ཤ་འོད་རྒྱུག་པའི་གཉེར་མའི་གྲོག་ཤུར། ཞལ་ནང་གི་ཚེམས་ནི་མ་འཆམ་རྟ་གཡག་མགོ་སྦྲེལ་ལྟ་བུར་ཐར་ཐོར་དུ་གནས་པ་དེ་ཡང་རུལ་བའམ་གོག་ནས་རེ་གཉིས་ཙམ། སྙན་ཅོག་ལ་རིན་ཆེན་སྣ་ལྔས་མ་བརྒྱན་པ་དེ་ནི་ཕལ་ཆེར་ཕྱི་ཚུལ་གཙོ་གལ་དུ་མི་འཛིན་པ་ཡིན་ནམ་སྙམ་པའི་རྨོ་བོ་དགའ་སྐྱིད་ནང་མ་སྟོད་གཞས་ཀྱི་དབྱིངས་ལ་ཚུད་ནས་ཡོད་ཅིང་། ཁོང་གི་ཞབས་ཕྱག་གི་གཡུག་བཟོར་བལྟས་ན་ནང་མ་སྟོད་གཞས་ལ་བྱང་བ་ངང་གིས་རྟོགས་འོང་།

    ཏིར་ཏིར་ཞེས་ཁ་པར་སླེབས་པའི་འབོད་བརྡ་དེས་རྨོ་བོ་དགའ་སྐྱིད་ཀྱིས་ནང་མར་རོལ་བའི་སྤྲོ་སྣང་དཀྲོགས་ཤིང་། ལག་གཡས་པས་ཁ་པར་ཉན་བཞིན་གཡོན་མས་སྐྱོར་ཙམ་བྱས་ཏེ་ཕྱི་རོལ་གྱི་འཛེར་སྒྲ་འགོག་པའི་བཟོ་བསྟན། “ལགས་སོ། ལགས་སོ། རྒན་ལགས། ཚབས་ཆེན་པོ་མི་འདུག་གམ། ལམ་སེང་ཡོང་གི་ཡིན”ཟེར་བཞིན་རླུང་གིས་ཁྱེར་བའི་བྱ་སྤུ་ཞིག་ལྟར་རས་ཀྱི་ལྟོ་ཕད་ནག་པོ་དེ་ཁུར་ཏེ་བྲེལ་འཚུབ་དང་བཅས་ཤར་རེར་རྫོང་རྒྱབ་ཀླུ་ཁང་གི་ཤར་སྒོ་ནས་རླངས་འཁོར་ཞིག་བཀག་སྟེ་སོང་། རེ་བའི་སློབ་གྲྭའི་སྒོ་འགྲམ་ན་སློབ་ཆུང་ལོ་རིམ་བཞི་པ་འགྲིམ་བཞིན་པའི་བུ་མོ་གཡང་འཛོམས་ནི་མགོ་སྐྲ་ཅུང་ཟིང་ཞིང་མིག་ཆུའི་ཐིགས་ཕྲེང་རེ་གཉིས་མཁུར་ཚོས་ནས་མཆུ་ཏོའི་སྟེང་དུ་བབས་ལ། སྐད་གདངས་དམའ་བའི་ངུ་སྐད་ལ་བལྟས་ན་ཕལ་ཆེར་སྤྱིར་བཏང་གི་ཆམ་ནད་ལྟ་བུ་ཞིག་མིན་པ་ཚོར། རྨོ་བོ་དགའ་སྐྱིད་ཀྱིས། “གཡང་འཛོམས། ན་ཚ་ག་པར་གཏོང་གི་འདུག ཟས་དུག་ཕོག་པ་མ་རེད་དམ། ཟས་དུག་ཕོག་པ་ཡིན་ན་རྨོ་བོས་ལམ་སེང་ཁྱིམ་དུ་ལོག་ནས་འོ་མ་ཚ་པོ་ལ་རྨ་བྱའི་སྒྲོ་གཏུབས་ནས་བསྐོལ་ཏེ་ཁྱེར་ཡོང་ཆོག དེ་བཏུངས་ན་ཟས་དུག་སེལ་ངེས་རེད”ཟེར་བར། གཡང་འཛོམས་ཀྱིས། “མགོ་ཡུ་འཁོར་བ་དང་སྐྱུག་མེར་ལངས་ཀྱི་འདུག མཚམས་མཚམས་ལ་ཕོ་བའི་མཚམས་དེར་ན་ཟུག་དྲག་པོ་ཞིག་གཏོང་གི་འདུག ཞོགས་པ་བཟས་པའི་ལྟོ་ཡང་བསྐྱུགས་བྱུང”ཞེས་མགོ་བོ་སྨད་དེ་བཤད། གཉེར་མས་ཁེངས་པའི་རྨོ་བོའི་ཕྱག་གིས་བུ་མོ་གཡང་འཛོམས་ཀྱི་གདོང་གི་མཆི་མ་འབྱིད་ཞོར། ཚ་མོ་རང་སེམས་ཁྲལ་མ་བྱེད་ཨང་། ཟས་དུག་ཕོག་པ་ཡིན་བཟོ་མི་འདུག འདི་ལས་ལམ་སེང་སྨན་ཁང་ཆེ་བ་ཞིག་ལ་ཕྱིན་ན་དགའ་གི་རེད་ཟེར་བཞིན། སླར་ཡང་རླངས་འཁོར་ཞིག་ལ་བསྡད་དེ་བྱ་འཕུར་བ་ལྟར་སྨན་ཁང་གི་ཕྱོགས་སུ་ཆས། སྨན་ཁང་དུ་ཕྱོགས་བཞི་མཚམས་བརྒྱད་ཀྱི་མ་བོས་ནད་པ་དང་ནད་གཡོག་གིས་ཁེངས་ནས་སྦྲང་ཚང་བརྡོལ་བ་བཞིན་འཚང་ག་ཤིག་ཤིག་དང་བྲེལ་བྲེལ་འཚུབ་འཚུབ་བྱེད་ཅིང་། སྨན་རིན་གཏོང་ཤག་ཤག་དང་ངག་འཇམ་འཇམ། འཛུམ་འཚེར་འཚེར་གྱིས་ཡོད་ཚད་སྨན་པར་སྐྱབས་སུ་བཅོལ།

    སྨན་པ་ལི་ལགས་ཀྱིས་སྒམ་ཚུགས་ཆེན་པོས། “འདི་ནི་ཕོ་བའི་དོན་སྒོའི་དུང་འཁྱིལ་དབྱུག་སྲིན་གཉན་ཚད(幽门螺旋菌)རེད། གཉན་ཚད་དེ་ནི་ཕོ་བར་ན་ཟུག་གཏོང་བའི་བྱེད་གཏེ་རེད། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་གཏན་འཁེལ་བྱས་པའི་ཕོ་སྐྲན་གྱི་རྒྱུ་ཉག་ཅིག་དེ་ཡང་རེད། དུས་ཐོག་ཏུ་སྨན་བཅོས་དང་ནད་གཞི་བསྐྱར་ལོག་མི་ཡོང་བ་བྱས་ཏེ་ཕོ་སྐྲན་སྔོན་འགོག་བྱེད་དགོས། PHའབྲས་བུ་དེ་གདགས་གཤིས་ཡིན་པས་མ་ཚད། DOPཚད་གཞི་དེ་50ཡན་དུ་བསླེབས་འདུག་པས་མཐོ་པོ་རེད། ངས་གཟའ་འཁོར་གཉིས་འདང་བའི་སྨན་བྲིས་ཡོད། དེ་བཟས་ཚར་རྗེས་གཟའ་འཁོར་གཉིས་ནས་ཡང་བསྐྱར་བརྟག་དཔྱད་ཐེངས་གཅིག་བྱེད་དགོས། ནམ་རྒྱུན་ཞག་ཚིལ་མང་བའི་རིགས་དང་ཁ་ཚའི་རིགས། སྐྱུར་མོའི་རིགས་སོགས་སྤོང་དགོས”ཟེར་བས་རྨོ་བོ་དགའ་སྐྱིད་ནི་སྙིང་གི་གཡུག་ཚད་ཀྱང་ཇེ་མགྱོགས་སུ་འགྲོ་བཞིན། “སྨན་པ་ལགས། འབུ་དེ་སྐྱུག་པ་དང་བཙོག་པ་མཉམ་དུ་དོན་ཡོང་བའི་ཤ་འབུ་དཀར་པོ་དེ་འདྲ་རེད་དམ། ངའི་ཚ་མོ་ཉེ་ཆར་ཤ་ཡང་ཅུང་སྐམ་དུ་ཕྱིན་སོང་། ཁག་གཅིག་གིས་ཟེར་ན་འབུ་དེས་འཚོ་བཅུད་འཐེན་གྱི་ཡོད་སྟབས། མི་ལམ་སེང་སྐམ་འགྲོ་གི་རེད་ཟེར་གྱི་འདུག སྨན་གྱི་ནུས་པས་འབུ་དཀར་པོ་དེ་བཙོག་པ་དང་མཉམ་དུ་དོན་གྱི་རེད་པཱ”ཞེས་མ་ཤེས་ཤེས་ཁུལ་བྱས། སྨན་པས་མགོ་བོ་འཕྲེད་དུ་གཡུགས་ནས“འབུ་དེ་དང་ཁག་ཁག་རེད། སྨན་དུས་ཐོག་ཏུ་བཟས་ན་སྐྱོན་ཆེན་པོ་མེད”ཟེར་བཞིན་ཨང་རིམ་འོག་མའི་ནད་པའི་མིང་ནས་བོས་པར་བལྟས་ན་ཤུགས་ལ་སུན་པོ་མ་བཟོ་རོགས་ཞེས་བརྗོད་པ་དང་འདྲ།

    ཨ་ཙི། ང་རང་གི་ཕྲུ་གུ་གཉིས་གསོས་པའི་སྒང་ལ་སྤུན་མཆེད་ཀྱི་ཕྲུ་གུ་བཞི་ཙམ་ཆུང་དུས་ནས་བསྐྱངས་མྱོང་ཡང་། ཁོག་ནང་དུ་འབུ་ཡོད་པའི་ནད་ཁྱད་ཚར་དེ་འདྲ་ཕོག་རྒྱུ་ལྟ་ཅི། གོ་མྱོང་ཡང་མེད། ད་དེ་ལས་འགྲོ་འགྲོ་མང་བའི་རྫོང་རྒྱབ་ཀླུ་ཁང་གི་ནང་མ་སྟོད་གཞས་དེ་མཚམས་བཞག་ནས་ཚ་མོ་གཡང་འཛོམས་ཀྱི་ཕོ་བའི་ནད་དེ་གསོ་རྒྱུ་གལ་ཆེ་གི་རེད་སྙམ་བཞིན། དབྱི་ཐ་ལིའི་ཐུག་པ་ཆག་པ་ཆུང་ཆུང་གཅིག་དབུགས་རྡིག་ནང་བཙོས་པ་དང་ཚལ་སླང་ནང་པད་ཚལ་དང་གཡག་ཤ་ཏིག་ཧྲུག་འགའ་མཉམ་དུ་བརྔོས། ངང་ལག་དང་ཀུ་ཤུ་སྡེར་མ་གང་བསྒྲིགས། རྨོ་བོ་རང་ཉིད་ནི་ཇ་ལྡུར་འདྲ་པོ་ཞིག་བཞེས་ཤིང་སེམས་ཁྲལ་གྱིས་ཕོ་བའང་གཉིད་ལ་ཡུར་བ་ལྟར་ཟས་ཀྱི་དང་ག་དེ་ཙམ་མེད་པར་གྱུར། བསམ་བློ་དྲུག་གསུམ་བཅོ་བརྒྱད་བཏང་མཐར། ནག་ཆུར་གཞུང་གི་ལས་ཀ་སྒྲུབ་བཞིན་པའི་རང་གི་བུ་མོ་ཤེལ་དཀར་ལ་དེ་རིང་ཚ་མོ་སྨན་ཁང་དུ་ཁྲིད་པའི་གནས་ཚུལ་རྣམས་ཆད་ལུས་མེད་པར་བཤད། བུ་མོ་ཤེལ་དཀར་གྱིས། “ཨ་མ་རང་སེམས་ཁྲལ་ཆེན་པོ་མ་གནང་ཨང་། ཕོ་བའི་དོན་སྒོའི་དུང་འཁྱིལ་དབྱུག་སྲིན་ནད་དེ་ཕལ་ཆེར་མི་མང་ཆེ་བར་ཡོད་ས་རེད། སོ་སོའི་ལུས་ཟུངས་དང་འབྲེལ་བ་ཆེན་པོ་ཡོད། ད་རེས་བུ་མོའི་དབྱར་གསེང་སྐབས་རྒྱལ་པོ་ང་གཉིས་འཁོར་ཞག་བསྡད་ནས་བུ་མོ་གཡང་འཛོམས་ནང་སའི་སྨན་ཁང་ཆེ་གྲས་ཤིག་ཏུ་བརྟག་དཔྱད་བྱེད་པར་ཁྲིད་རྩིས་ཡོད། སྐབས་དེ་དུས་ང་ཚོ་མཉམ་དུ་ཕྱིན་ཆོག ཨ་མ་རང་སོ་སོའི་གཟུགས་པོར་བདག་གཅེས་ཡག་པོ་བྱོས་ཨང”ཟེར་བཞིན་བྲེལ་འཚུབ་དང་བཅས་ཁ་པར་བཞག

    མུན་པའི་ཡོལ་བས་ས་གཞི་རིམ་བཞིན་བསྒྲིབས་ནས་ནག་རོག་རོག་ཏུ་བཏང་བ་དང་། ཚ་མོ་གཡང་འཛོམས་ནི་ནད་ཀྱིས་གདུངས་པའི་ཉིན་མོ་དེ་ཡོལ་རྗེས་གཞི་ནས་རྨི་ལམ་གྱི་ཞིང་ཁམས་ཉུལ། རྨོ་བོ་དགའ་སྐྱིད་ནི་དེ་རིང་སྨན་པས་གསུངས་པའི་སྐད་ཆ་རྣམས་ཡིད་ཀྱི་མེ་ལོང་ངོས་སུ་འཚང་ཁ་ཤིག་ཤིག་འཆར་བས་སྐར་མ་རེ་གཉིས་ཙམ་ལ་འགྲེ་ལོག་རེ་བརྒྱབ་རྗེས་མཚན་མོའི་ཚུ་ཚོད་བཅུ་གཅིག་དང་ཕྱེད་ཀ་ཙམ་ལ་གཞི་ནས་གཉིད་རབ་རིབ་ཅིག་ཁུག་ཀྱང་། སེམས་ཁྲལ་གྱིས་མ་བཞག་པར་ཐོ་རེངས་ཆུ་ཚོད་ལྔ་པ་མ་ཟིན་ཙམ་ལ་གཉིད་ལས་སད།

    རང་གི་བུ་མོ་ཤེལ་དཀར་གཞུང་ཞབས་པར་རྒྱུགས་འཕྲོད་པའི་ཉིན་དེ་ནས་བཟུང་། ཨ་མའི་སེམས་ནང་མ་ཤི་གོང་དུ་ཚ་བོའམ་ཚ་མོ་ཞིག་པང་དུ་ལེན་འདོད་ཀྱི་འདུན་པ་ཆེ། ཚ་མོ་གཡང་འཛོམས་སློབ་གྲྭ་ནས་སྐྱེལ་བསུ་བྱེད་འདོད་ཆེ། མ་འོངས་པར་ཚ་མོ་གཡང་འཛོམས་སློབ་ཆེན་ནས་ཐོན་ཏེ་ཡངས་པའི་རྒྱལ་ཁམས་སུ་གཤོག་རྩལ་ངོམས་ནས་ནམ་འཕང་གཅོད་པའི་དུས་དེ་མཐོང་འདོད་དེ་བས་ཆེ། གང་ལྟར་མི་ཚེ་གང་པོར་སོ་སོའི་ཕྲུ་གུ་གསོ་དགོས་རྒྱུ་ཨ་ཅང་ཅང་། ཚ་མོའི་དོན་དུ་མི་ལོ་བཅུ་ལྷག་ཙམ་དཀའ་སྤྱད་ཀྱི་རྔུལ་ཆུ་ས་ལ་གཏོར་བཞིན། ཡོད་ཚད་ཚ་མོའི་སླད་དུ་བློས་གཏོང་བྱེད་པའི་རྨོ་བོ་དགའ་སྐྱིད་ཀྱི་ཐུགས་གཤིས་ནི་ཁ་བའི་ལྗོངས་ཀྱི་མེ་ཏོག་གངས་ལྷ་ཞིག་དང་གཉིས་སུ་མ་མཆིས་ཨང་།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།