དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • ​དཔྱིད་དཔལ་བསུ་བའི་སེམས་ཀྱི་མཆོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ཆོས་སྒྲོན།   |     སྤེལ་དུས།  2025-02-16

    གངས་ཅན་སཱ་ལའི་སྨན་གྱི་ཡུལ་ལྗོངས་འདིར། །

    གངས་ཕྲུག་གཞོན་ནུའི་ལང་ཚོ་རབ་རྫོགས་ཏེ། །

    གངས་ཀྱི་འདབ་མ་དཀར་པོ་དང་འགྲོགས་ནས། །

    གངས་རིའི་ཡུལ་འདིར་གཟི་དཔལ་བར་མེད་བསྐྲུན། །


    གངས་རི་ར་བས་བསྐོར་བའི་ཡུལ་ལྗོངས་འདིར། །

    གངས་དཀར་ལྷུན་པོ་ལྕགས་རིའི་ཚུལ་བཞིན་འགྱིང་། །

    གངས་རིའི་འདབས་ནས་སྐྱེས་པའི་བུ་མོ་ངས། །

    གངས་ལྗོངས་ཡུལ་ལ་བསྟོད་པའི་མེ་ཏོག་གཏོར། །


    མི་སྒུག་དུས་ཀྱི་ཕོ་ཉའི་བཀའ་ལུང་གིས། །

    མི་སྡུག་དགུན་གྱི་སྟག་མོ་རྒྱང་སྤྲད་དེ། །

    མི་ཡུལ་མཛེས་པའི་དཔྱིད་དཔལ་ལྷ་མོ་དེ། །

    མི་ཡུལ་འདི་ལ་ཡང་བསྐྱར་གར་གྱིས་བསུས། །


    དཔྱིད་དཔལ་བུ་མོའི་སྟངས་སྟབས་དང་འགྲོཊ་ནས། །

    ཀུན་གསལ་ལྷ་ལམ་དབུས་ན་ལང་ལོང་དུ། །

    སྦྲང་ཆར་སྦྲུམ་པའི་ཆུ་འཛིན་ཕོན་པོ་རེ། །

    ལྷོ་ནས་བྱང་ལ་རྒྱུ་བའི་བཟོ་བཀོད་མཛེས། །


    ད་དུང་བར་སྣང་སྤྲིན་ལམ་དཀྱིལ་དབུས་ན། །

    ནུབ་རིར་བཞུད་པའི་རྟ་བདུན་དབང་པོ་དེ། །

    འོད་ཟེར་སྟོང་གིས་ཕྱུག་པའི་གཟི་དཔལ་གྱིས། །

    མི་ཡུལ་འདི་ལ་གསོན་ཤུགས་འཛད་མེད་བསྐྲུན། །


    ནོར་འཛིན་དབྱིག་གི་བློ་གྲོས་སྔོ་ལྗང་གི །

    གོས་ལྭ་གསར་པ་མནབས་ཏེ་མཛེས་སྡུག་གི །

    ལང་ཚོའི་དཔལ་ཡོན་ངོམ་བཞིན་སྐྱེ་དགུ་ལ། །

    འདོད་པའི་ལོངས་སྤྱོད་ཕུན་སུམ་ཚོགས་པར་སྦྱིན། །


    ཚལ་དང་ཚང་ཚིང་ནགས་ཀླུང་སྟུག་པོའི་ཁྲོད། །

    འདབ་ལྡན་རྐང་འཐུང་ལྗོན་པ་སྣ་ཚོགས་སྐྱེས། །

    འདབ་མ་ཡངས་པའི་རྩེ་མོ་ལོ་མས་བརྒྱན། །

    གང་འདོད་སྨིན་པའི་འབྲས་བུ་གཡུར་དུ་ཟ། །


    ནགས་ཀླུང་ཁྲོད་ཀྱི་འདབ་ཆགས་སྣ་ཚོགས་ལས། །

    དཔྱིད་ཀྱི་ཕོ་ཉའི་ངག་གི་དབྱངས་སྙན་དེ། །

    རྒྱང་ཐག་ལེ་དབར་བརྒྱ་ཡི་མཚམས་སུ་ཡང་། །

    སྐྱེ་དགུའི་ཡིད་སེམས་གསོ་བའི་དུང་སྒྲར་འཁུ། །


    རྫ་ཆུ་བསིལ་མའི་རང་སྒྲ་ཤག་སེ་བཞུར། །

    ཆུ་སྐྱེས་པདྨའི་འདབ་མ་ལྷུག་པོར་བཞད། །

    རྒྱུ་སྐར་བདག་པོའི་རང་མདོག་དཀར་ལམ་མེ། །

    མི་ཡུལ་འདི་ནི་སུམ་རྩེན་ཡུལ་དང་མཚུངས། །


    ད་དུང་རྩྭ་ཆུ་འཛོམས་པའི་རྩྭ་ཐང་སྟེང་། །

    རྟ་དང་ནོར་ལུག་དུད་འགྲོ་བག་ཕེབས་སུ། །

    ཁྱུ་ཁྱུ་བྱས་ནས་རང་དགར་རོལ་བའི་དཔལ། །

    དཔྱིད་ཀྱི་དགའ་སྟོན་འཛུམ་གྱིས་བསུ་བ་འདྲ། །


    ཤེས་བྱའི་རིག་གནས་རྒྱས་པའི་གླིང་ཁ་འདིར། །

    དཔྱིད་ཀྱི་དཔལ་མོའི་ལང་ཚོ་རབ་རྫོགས་པས། །

    སློབ་གཉེར་ལས་ལ་འབད་པའི་སློབ་བུའི་ཚོགས། །

    ཐོས་བསམ་སློབ་པའི་གནས་ལ་སྤྲོ་བས་འཇུག །

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།