དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • ​དྲིན་ཕ་མའི་ཞལ་ནས་འདི་སྐད་ཐོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  སྤེན་ཚེ།   |     སྤེལ་དུས།  2025-02-16

    དྲིན་ཕ་མའི་ཞལ་ནས་འདི་སྐད་ཐོས། །

    ཆུ་གཙང་པོ་གཉིས་ལ་སྲུང་སྐྱོང་དགོས། །

    ཆུ་གཙང་པོ་གཉིས་པོ་བསྐམས་སོང་ན། །

    ངེད་སྐྱེ་དངོས་སེམས་ཅན་ཇི་ལྟར་འཚོ། །


    དྲིན་ཕ་མའི་ཞལ་ནས་འདི་སྐད་ཐོས། །

    རྩྭ་རྩི་ཤིང་གཉིས་ལ་བདག་སྐྱོང་དགོས། །

    རྩྭ་རྩི་ཤིང་གཉིས་པོ་བཅད་དྲགས་ན། །

    ལ་ལུང་པ་ཐལ་རླུང་དྲག་པོས་ཁེངས། །


    དྲིན་ཕ་མའི་ཞལ་ནས་འདི་སྐད་ཐོས། །

    ཟོག་སེམས་ཅན་ང་ཚོའི་ཕ་མ་རེད། །

    བྱམས་སྙིང་རྗེས་ལེགས་པར་སྐྱོང་བ་ལས། །

    དངུལ་སྒོར་མོར་ཚད་མེད་མ་བརྗེས་གསུངས། །


    དྲིན་ཕ་མའི་ཞལ་ནས་འདི་སྐད་ཐོས། །

    ནང་ཕུ་ནུ་ཕན་ཚུན་མ་འཁྲུགས་པར། །

    འདང་བརྩེ་བ་ཟབ་མོས་སྐྱོང་ནུས་ན། །

    ཕྱི་དགྲ་བོའི་འཚེ་བས་མི་ཐུབ་གསུངས། །


    དྲིན་ཕ་མའི་ཞལ་ནས་འདི་སྐད་ཐོས། །

    ཁྲེལ་ངོ་ཚའི་གཡང་ལུགས་རྒྱུན་དུ་གྱོན། །

    ལས་རྒྱུ་འབྲས་མེ་ལོང་གཙུག་ཏུ་བསྟེན། །

    དུས་ནམ་ཡང་སེམས་ལ་བྱི་དོར་བྱོས། །


    དྲིན་ཕ་མའི་ཞལ་ནས་འདི་སྐད་ཐོས། །

    སྐད་ཡི་གེ་ཤེས་བྱའི་བང་མཛོད་ཀྱི། །

    སྒོ་འབྱེད་པའི་ལྡེ་མིག་ལྟ་བུ་ཡིན། །

    སེམས་རྣམ་གཡེང་མེད་པར་སྦྱོངས་ཤིག་གསུངས། །

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།