བོད་ཀྱི་ལོ་ཆུང་བྱིས་པའི་ལྷ་མོའི་གར་སྟེགས་ཟློས་གར་ཐོག་མ《དོན་ཡོད་དོན་གྲུབ》ཀྱིས་ཕྲུ་གུ་ཚོར་སྒྱུ་རྩལ་གྱི་སྒོ་མོ་ཕྱེ་བ།
གཅུང་པོ་དོན་ཡོད་དོན་གྲུབ་བརྩེ་བ་ཟབ། མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་བཟང་།
འདི་ནི་འཁྲབ་སྟོན་པ་ཆུང་ཆུང་ཚོས་ལོ་ཆུང་བྱིས་པའི་ལྷ་མོའི་གར་སྟེགས་ཟློས་གར《དོན་ཡོད་དོན་གྲུབ》འཁྲབ་བཞིན་པ།
ཟླ་2ཚེས་11ནས་ཚེས་14ཉིན་བར་རང་སྐྱོང་ལྗོངས་ལྷ་མོའི་སྒྱུ་རྩལ་ལྟེ་གནས་སུ་སྲོལ་རྒྱུན་གྱི་ལྷ་མོའི་འཁྲབ་གཞུང་བརྒྱད་ཀྱི་བྱེ་བྲག《དོན་ཡོད་དོན་གྲུབ》སྤྱི་དམངས་ལ་འཁྲབ་སྟོན་བྱས་པ་རེད།
དེ་སྔ་དང་མི་འདྲ་བར། བོད་ཀྱི་སྲོལ་རྒྱུན་ལྷ་མོའི་འཁྲབ་གཞུང་ཆེན་པོ་བརྒྱད་ནས་བརྗོད་བྱའི་མི་སྣ་གཙོ་བོའི་ལོ་ཚད་ལོ་10ནས་16བར་ཡིན་པའི་ལྷ་མོ་འབའ་ཞིག་དེ་ཡིན་པའི་དབང་གིས་ལྷ་མོ་དེ་ལོ་5ནས་18བར་གྱི་བོད་རིགས་གཞོན་ནུ་ལོ་ཆུང་སྐོར་ཞིག་གིས་མཉམ་དུ་འཁྲབ་སྟོན་བྱས་པ་རེད།
དེ་ནི་བོད་ཀྱི་ལོ་ཆུང་བྱིས་པའི་ལྷ་མོའི་གར་སྟེགས་ཟློས་གར་ཐོག་མ་དེ་ཡིན་ཞིང་། མིག་སྔར་ཟློས་གར་དེར་རྒྱལ་ཁབ་སྒྱུ་རྩལ་ཐེབས་རྩའི་2024ལོ་འཁོར་གྱི་གར་སྟེགས་ཟློས་གར་ཆེ་གྲས་དང་བརྩམས་ཆོས་གསར་རྩོམ་གྱི་རོགས་དངུལ་རྣམ་གྲངས་རག་ཡོད།
དུས་ཡུན་ཆུ་ཚོད་2ཙམ་ཟིན་པའི་ལྷ་མོའི་འཁྲབ་གཞུང་གྲགས་ཅན་འདི་དེ་སྔ་ཐང་ཆེན་དུ་དར་མས་འཁྲབ་པ་ནས་ད་ལྟ་གར་སྟེགས་སུ་བོད་རིགས་གཞོན་ནུ་ལོ་ཆུང་སྐོར་ཞིག་གིས་འཁྲབ་ཅིང་། གློག་སྒྲོན་འོག་ཏུ་རང་སྐྱོང་ལྗོངས་ལྷ་མོ་ཚོགས་པའི་ན་གཞོན་འཁྲབ་ཁྲིད་པ་གཉིས་དང་ཆེད་ལས་ཀྱི་གར་སྟེགས་མཛེས་རྩལ་དང་། འཁྲབ་ཆས། མི་སྣའི་བྱད་བཞིན་ཇུས་འགོད་སོགས་ཕྱོཌ་ཁག་གི་ཐུན་མོང་འབད་བརྩོན་འོག་ལྟད་མོ་བ་ཚོར་ཧ་ཅང་ཕུན་སུམ་ཚོགས་ལ་བྱིས་པའི་ཟློས་གར་གྱི་ཁྱད་ཆོས་ཀྱིས་ཕྱུག་པའི་གར་སྟེགས་ཀྱི་ལྷ་མོའི་སྒྱུ་རྩལ་གྱི་སྟོན་མོ་ཞིག་བཤམས་པ་རེད།
འཁྲབ་ཁྲིད་པ་ཡོན་ཏན་ནོར་བུས་ངོ་སྤྲོད་བྱས་པར་གཞིགས་ན། 2022ལོའི་ལོ་འགོར་རང་སྐྱོང་ལྗོངས་ལྷ་མོ་ཚོགས་པས་འཁྲབ་གཞུང་དེའི་འཁྲབ་སྟོན་པ་ཐོག་མར་འདེམས་སྐབས། ལྷ་མོ་སྦྱངས་མྱོང་བའི་འཁྲབ་སྟོན་པ་ཆུང་ཆུང་བརྒྱ་ལྷག་ཙམ《དོན་ཡོད་དོན་གྲུབ》ཀྱི་ཡོངས་འདེམས་ལ་ཞུགས་ཡོད་པ་རེད།
《དོན་ཡོད་དོན་གྲུབ》ནང་། ཉེ་བའི་ལོ་ཤས་རིང་ཀྲུང་གོའི་ལོ་ཆུང་བྱིས་པའི་ཟློས་གར་གྱི“དཔྱིད་འགོའི་མེ་ཏོག་ཆུང་ཆུང”གི་བྱ་དགའ་ཐོབ་མྱོང་བའི་རང་ལྗོངས་ཀྱི་འཁྲབ་སྟོན་པ་ཆུང་ཆུང་10ཚུད་ཡོད། ཁོང་ཚོ་འཁྲབ་མཁན་གཙོ་བོའམ་ཡང་ན་འཁྲབ་རོགས་ཡིན་ཡང་། ཚང་མར་སེམས་གཏིང་གི་སྐད་ཆ་ཞིག་ཡོད་པ་ནི“འཁྲབ་གཞུང་འདིའི་ནང་ཞུགས་རྒྱུ་བྱུང་བ་ནི་སྤོབས་པ་ཆེན་པོ་ཡིན”ཞེས་པ་དེ་རེད།
བོད་རང་སྐྱོང་ལྗོངས་ལྷ་མོ་ཚོགས་པའི“ལྷ་མོར་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད་པའི”ཕུལ་བྱུང་འཁྲབ་རྒྱུན་ཞིག་ཡིན་པའི་ལོ་ཆུང་བྱིས་པའི་ལྷ་མོའི་གར་སྟེགས་ཟློས་གར《དོན་ཡོད་དོན་གྲུབ》དེ་ལྷ་མོའི་སྒྱུ་རྩལ་ལ་དགའ་པོ་ཡོད་པའི་གཞོན་ནུ་ལོ་ཆུང་ཁག་གཅིག་གིས་ཕུགས་བསམ་དེ་དོན་དངོས་སུ་མངོན་འགྱུར་བྱེད་པའི་གར་སྟེགས་སུ་འགྱུར་རྒྱུ་རེད།