ཆབ་མདོ་གྲོང་ཁྱེར་སྟེང་ཆེན་རྫོང་གིས་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་བྱས་ནས་རིག་གནས་ཀྱི་མཆོག་ནོར་བསྲུངས་བ།
སྟེང་ཆེན་གྱི་རལ་པའི་ཉམས་བཟང་ས་མཐོར་མངོན་པ།
ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་གློག་འཕྲིན་འབྱོར་པ་གཞིར་བཟུང་། ལོ་གསར་པ་ཤར་ཚུན། བོད་ལྗོངས་ཆབ་མདོ་གྲོང་ཁྱེར་སྟེང་ཆེན་རྫོང་ཁྲི་རྡོ་གྲོང་རྡལ་གྱི་རྩྭ་ཐང་སྟེང་འུག་པ་གྲོང་ཚོའི་རིག་རྩལ་འཁྲབ་སྟོན་རུ་ཁག་གིས་ཚ་ཚ་འུར་འུར་ངང་ནང་སྦྱོང་བྱེད་བཞིན་ཡོད།
ལོ་60ལ་སླེབས་པའི་ཨ་མྱེས་ནི་མཛོ་པའི་རལ་པའི་རྒྱུན་འཛིན་པ་མི་རབས་བདུན་པ་ཡིན་པའི་ངོས་ནས་ད་ཐེངས་གྲོང་ཁྱེར་དུ་སྒྲིག་འཛུགས་བྱས་པའི་རལ་པ་འགྲན་བསྡུར་ནང་ཨང་དང་པོ་ལེན་པའི་གདེང་ཚོད་ཆེན་པོ་ཡོད། རལ་པའི་སྐོར་གླེང་མ་ཐག་བགྲེས་སོང་ཁོང་ལ་དེའི་སྐོར་མང་པོ་བརྗོད་རྒྱུ་ཡོད།
ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་བོད་རིགས་ཀྱི་སྲོལ་རྒྱུན་ཞབས་བྲོ་འདི་ནི་རྔ་བྲོ་ཞིག་ཡིན་པ་མ་ཟད། ཤོད་པ་དང་། ལེན་པ། འཁྲབ་པ། རྩལ་རྩེད་བཅས་གཞི་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་རང་བཞིན་གྱི་འཁྲབ་སྟོན་སྒྱུ་རྩལ་ཞིག་ཀྱང་རེད། ལོ་ལྟར་བོད་ཀྱི་ལོ་གསར་དང་ལོ་ལེགས་ཀྱི་རྟེན་འབྲེལ་མཛད་སྒོའི་སྐབས། རལ་པ་ནི་རིག་གནས་ཀྱི་སྟོན་མོ་གཟབ་རྒྱས་ཤིག་ཡིན་པས་ས་གནས་དེ་གའི་མང་ཚོགས་ཀྱིས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད།
2006ལོར་རལ་པ་དེ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཁག་དང་པོའི་མིང་གཞུང་ནང་ཚུད་པ་མ་ཟད། སྟེང་ཆེན་རྫོང་ལ“རལ་པའི་སྒྱུ་རྩལ་གྱི་ཕ་ཡུལ”ཞེས་པའི་མཚན་སྙན་ཡང་ཐོབ་ཡོད། མིག་སྔར། རྫོང་ཡོངས་སུ་གྲོང་ཚོ(སྡེ་ཁུལ)68ཡོད་པ་ཚང་མར་རལ་པའི་རིག་རྩལ་འཁྲབ་སྟོན་རུ་ཁག་བཙུགས་ཡོད།
ཨ་མྱེས་ཀྱིས་རང་ཉིད་ཆུང་དུས་ལས་ཀ་ཚར་རྗེས་གཅེན་གཅུང་ཚོ་རྟག་ཏུ་ཨ་མའི་འཁྲིས་སུ་རུབ་ནས་རལ་པའི་གཏམ་རྒྱུད་ཉན་པའི་སྣང་ཚུལ་སྔར་བཞིན་གསལ་པོར་ཤོད་རྒྱུ་ཡོད། ལོ་14ལ་སླེབས་སྐབས། ཨ་མྱེས་ཀྱིས་ཨ་མའི་ས་ནས་རལ་པ་སྦྱོང་འགོ་ཚུགས་པ་དང་། ད་བར་ལོ་46སོང་ཡོད། ཁོང་གིས“ཞིང་ལས་ཚར་རྗེས་གྲོང་ཚོ་ཡོངས་ཀྱི་མི་རྣམས་མེ་ཕུང་ལ་བསྐོར་ནས་རྔ་སྒྲ་གྲགས་མ་ཐག་བྲོ་འཁྲབ་པས། ངལ་དུབ་ཡོད་ཚད་སྟོབས་ཤུགས་སུ་འགྱུར་བའི་སྣང་བ་ཡོད”ཅེས་བརྗོད།
ཨ་མྱེས་ཀྱིས“རལ་པར་མང་ཚོགས་ཀྱིས་ཧ་ཅང་དགའ་པོ་བྱེད་པས། རང་ཉིད་ཀྱི་ཉམས་མྱོང་ལ་བརྟེན་ནས་སྒྱུ་རྩལ་འདི་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་ཐུབ་པའི་རེ་བ་ཡོད”ཅེས་བརྗོད། ད་ཆ་ཨ་མྱེས་ཀྱིས་གྲོང་ཚོའི་སློབ་མ་40ལ་རལ་པ་སློབ་བཞིན་ཡོད་པ་མ་ཟད། ད་དུང་ལོ་ལྟར་འཁྲབ་སྟོན་རུ་ཁག་ཁྲིད་ནས་ཕྱིར་འཁྲབ་སྟོན་ཐེངས་བཅུ་གྲངས་བྱེད་ཀྱི་ཡོད།
ལོ་32ལ་སླེབས་པའི་བསོད་ནམས་དཔའ་མོས་ཨ་མྱེས་ཀྱི་ས་ནས་རལ་པ་ལོ་16ཙམ་སྦྱངས་པ་མ་ཟད། རལ་པར་བརྟེན་ནས་ཁོང་ལ་ཕྱིར་འབྲེལ་གཏུག་བྱེད་པའི་སྒོ་མོ་ཆེན་པོ་ཞིག་ཀྱང་ཕྱེ་ཞིང་། རལ་པ་སྦྱངས་པ་དེས་ཁོང་གྲོང་ཚོ་ཙམ་མ་ཟད། སྟེང་ཆེན་དང་ཐ་ན་བོད་ལྗོངས་སྒྲོལ་ནས་ཕྱིར་སྐྱོད་ཐུབ་པ་བྱུང་ཡོད། 2021ལོར་ཁོང་གིས་གྲོང་ཚོ་གཅིག་པའི་རིག་རྩལ་རུ་ཁག་དང་མཉམ་དུ་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་འཁྲབ་སྟོན་བྱས།
ད་ཆ་རལ་པ་ནི་དུས་ཆེན་དང་རྟེན་འབྲེལ་བྱེད་སྒོར་འཁྲབ་དགོས་ངེས་ཀྱི་ཞབས་བྲོ་ཞིག་ཏུ་གྱུར་པ་མ་ཟད། རྒྱལ་ཡོངས་ས་གནས་ཁག་ཏུའང་དེའི་ཉམས་འགྱུར་མངོན་བཞིན་ཡོད།