ཁྲི་སྲོང་ལྡེ་བཙན་སྐབས་ཀྱི་བོད་ཀྱི་ལོ་ཙཱའི་ཁྱད་ཆོས་རགས་ཙམ་བརྗོད་པ།
བཙན་པོ་ཁྲི་སྲོང་ལྡེ་བཙན་དུས་སུ་བོད་ཀྱི་ལོ་ཙཱའི་བྱ་གཞག་ལ་འཕེལ་རྒྱས་ཆེན་པོ་བྱུང་ཞིང་། དེ་ནི་སྐབས་དེ་དུས་ཀྱི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། དེ་བཞིན་ཕྱི་འབྲེལ་སོགས་ཀྱི་འཕེལ་རྒྱས་ཐད་ལ་དགོས་མཁོ་ཤིན་ཏུ་ཆེ་བའི་སྤྱི་ཚོགས་ཀྱི་གནས་སྐབས་དང་མཐུན་ཡོད་ལ། དེ་ཡང་བོད་མི་རིགས་ཀྱི་ལོ་རྒྱུས་འཕེལ་རྒྱས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་ཆེས་བརྗིད་ཉམས་ལྡན་པའི་བྱ་གཞག་ཅིག་ཡིན་ཞེས་བརྗོད་ཆོག སྐབས་དེ་དུས་ཡིག་སྒྱུར་ཚད་ལྡན་གྱི་རང་བཞིན་ཅན་དུ་གྲུབ་པ་དེས་མི་རབས་རྗེས་མའི་ལོ་ཙཱའི་བྱ་གཞག་ལ་ཤུགས་རྐྱེན་ཟབ་མོ་ཐེབས་པ་མ་ཟད། དེང་རབས་ཀྱི་ཡིག་སྒྱུར་ལས་དོན་སྤེལ་བར་ཞིབ་ཚགས་པའི་ལོ་ཙཱའི་གཞུང་ལུགས་ཀྱི་གཞི་འཛིན་ས་མཁོ་འདོན་བྱས་ཡོད།
གཅིག ལོ་ཙཱ་བའི་དབྱེ་བ་བྱུང་བ།
ལོ་ཙཱ་བ་ཞེས་པའི་མཚན་ཉིད་ལ་གནའ་དེང་མཁས་པ་སོ་སོས་རང་རང་གི་ཞིབ་འཇུག་བྱེད་སྒོའི་ཐད་ནས་རིག་གནས་འཕེལ་རྒྱས་ཀྱི་ཚད་དང་དུས་རབས་ལ་འཚམ་པའི་གཏན་ཚིགས་ཀྱི་འགྲེལ་པ་དུ་མ་བྱས་ཡོད་པ་མཐོང་ཡང་། ཡོངས་ཁྱབ་ལ་རྒྱུག་ཅུང་ཆེ་བ་ནི། སྐད་ཡིག་གཅིག་གི་མཚོན་དོན་སྐད་ཡིག་གཞན་ཞིག་གི་ལམ་ནས་སྟོན་པར་བྱེད་པ་ཞིག་ལ་ཟེར། མིང་གི་ཐད་ལ་ཡང་སྐད་སྒྱུར་དང་། ཡིག་སྒྱུར། ལོ་ཙཱ་སོགས་དུ་མ་ཡོད། ལོ་ཙཱ་བའི་དབྱེ་བ་འབྱེད་སྟངས་ནི་ལོ་ཙཱ་བ་རིམ་བྱོན་བྱུང་བའི་དུས་ཚོད་ཀྱི་སྔ་ཕྱི་དང་། ལོ་ཙཱའི་ཐད་ཀྱི་འཕྲིན་ལས་ཆེ་ཆུང་། སྒྱུར་ཐབས། དེ་བཞིན་ལོ་ཙཱའི་ལས་ལ་འཇུག་པའི་ངོ་བོའམ་རང་བཞིན་གྱི་ཐད་ནས་དབྱེ་བས་ལོ་ཙཱ་བ་དབྱེ་བ་འབྱེད་པའི་རྣམ་པ་ནི་ཕུན་སུམ་ཚོགས་པ་ཞིག་ཡིན་ཏེ། དཔེར་ན། ངག་ཐོག་ལོ་ཙཱ་དང་ཡིག་ཐོག་ལོ་ཙཱ་གཉིས་ཀྱི་དབྱེ་བ་འབྱེད་སྟངས་ནི་ལོ་ཙཱ་བྱེད་པའི་ངོ་བོའི་ཐོག་ནས་དབྱེ་བའོ།
བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་ལོ་ཙཱའི་བྱ་བར་ཆེད་དུ་མཁོ་བའི་སྒྲ་སྒྱུར་རྒྱ་གར་གླིང་བཙུགས་པས། ལོ་ཙཱའི་དཔུང་ཁག་ཀྱང་ཉིན་རེ་བཞིན་རྒྱ་ཆེ་རུ་ཕྱིན་པ་ལ། དེའི་སྐབས་ཀྱི་ལོ་ཙཱ་བ་གྲགས་ཆེ་ཤོས་ཤིག་ནི་ལོ་ཆེན་བེ་རོ་ཙ་ན་ཡིན་ཞིང་། སྦ་བཞེད་ནང་གསལ་དོན། ཁོང་གི་འགྱུར་དང་བརྩམས་ཆོས་སོགས་དེང་གི་བཀའ་བསྟན་ནང་མང་དུ་ཡོད་པ་ལས་གཙོ་བོ་སྔགས་སྐོར་བསྒྱུར་པ་ཡིན་ཞིང་ཤེར་ཕྱིན་སྟོང་ཕྲག་བརྒྱ་པ་ནི་འདི་པས་བསྒྱུར་པ་དང་འགྱུར་བཅོས་མཛད་པར་གྲགས། གཞན་ཡང་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་རྒྱ་གར་དང་། ཨོ་རྒྱན། བལ་ཡུལ། རྒྱ་ནག་དང་བོད་རང་གི་ལོ་ཙཱ་བ་གང་མང་བྱོན་པ་དང་། ལོ་ཙཱ་བ་རྒན་དར་གཞོན་གསུམ་དུ་གྲགས་པ་བྱུང་ཞིང་། དེ་དག་རེ་རེ་བཞིན་བརྗོད་ན་འདི་ལྟ་སྟེ། བེེ་རོ་ཙ་ན། ལྡན་མ་རྩེ་མང་། ཁ་ཆེ་ཨནནྟ་སྟེ་ལོ་ཙཱ་བ་རྒན་གསུམ། གཉགས་ཛྙ་ན་ཀུ་མ་ར། འཁོན་ཀླུའི་དབང་པོ། རྨ་རིན་ཆེན་མཆོག་སྟེ་བར་གསུམ། སྐ་བ་དཔལ་བརྩེགས། ཅོག་རོ་ཀླུའི་རྒྱལ་མཚན། ཞང་ཡེ་ཤེས་སྡེ་སྟེ་གཞོན་གསུམ་བཅས་ལོ་ཙཱ་བ་རབ་དགུ་དང་ཕྱིས་བརྒྱ་རྩ་བརྒྱད་ཚང་བར་བྱུང་ཞིང་རབ་འབྲིང་ཐ་གསུམ་དུ་ཕྱེ་ནས་རབ་ཀྱིས་ཞུས་ཆེན།(གཞུང་སྒྱུར་ཚར་བའི་དཔེ་ཆ་ལ་ཞུས་དག་གཏོང་མཁན་ལོ་ཙཱ་བ།) འབྲིང་གིས་བར་ཞུས།(ཡི་གེ་སྒྱུར་སྐབས་ཞུས་དག་ལ་རོགས་རམ་བྱེད་མཁན་ལོ་ཙཱ་བ།) ཐ་མས་མཆན་བུའི་ལོ་ཙཱ་བྱས་སྐད། ལོ་ཙཱ་བར་རབ་དགུ་རུ་གྲགས་པས་འདི་དུས་ཚོད་གཅིག་དང་ཡང་ན་འཕྲིན་ལས་མཉམ་པ་ཞིག་ཡིན་པ་རྟོགས་དཀའ་བ་ཡིན་ནོ། དེ་ཡང་ཞུ་ཆེན་ལོ་ཙཱ་བ་དང་ཞུ་ཆུང་ལོ་ཙཱ་བ་དང་། ཡི་གེ་བ་གསུམ་ཡོད་པ་བསྡུས་ནས་ལོ་ཆེན་ལོ་ཆུང་ཞེས་དབྱེ་བ་ལ། ཞུ་ཆེན་ལོ་ཙཱ་བ་དང་། ལོ་ཆེན་བཅས་ལ་ཁྱད་པར་ཤིན་ཏུ་ཆེ་བ་སྟེ། བསྟན་འགྱུར་དཀར་ཆག་ལས། ཙནྡྲ་བའི་ཨུ་ཎའི་མདོ་ལོ་ཆེན་ནམ་མཁའ་བཟང་པོའི་འགྱུར་ཞེས་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་སློབ་དཔོན་ཤཱན་ཏ་དེ་ལྦས་མཛད་པ། ཞུ་ཆེན་གྱི་ལོ་ཙཱ་བ་དཔལ་བརྩེགས་ཀྱིས་ཁ་ཆེའི་དཔེ་ལས་ཞུས་ཏེ་གཏན་ལ་ཕབ་པ། སླད་ཀྱི་ཞུ་ཆེན་གྱི་ལོ་ཙཱ་བ་རིན་ཆེན་བཟང་པོ་དང་། ཤཱཀྱ་བློ་གྲོས་ཀྱིས་ཡུལ་དབུས་ཀྱི་དཔེ་འགྲེལ་པ་དང་མཐུན་པར་བཅོས་པ། སླར་ཡང་དུས་ཕྱིས་ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་བློ་ལྡན་ཤེས་རབ་ཀྱིས་དག་པར་བཅོས་པ་ཞེས་བྱུང་།
གཞན་ཡང་བཙན་པོ་ཁྲི་སྲོང་ལྡེ་བཙན་སྐབས་སུ། ལྕེ་ཛྙཱ་ན་སིངྷི། བྲང་ཏི་ཛ་ཡ་རཀྟི་ཏ། པ་གོར་བཻ་རོ་ཙ་ཎ། གཉགས་ཛྙཱ་ན་ཀུ་མ་ར། འཁོན་ཀླུའི་དབང་པོ། རྨ་རིན་ཆེན་མཆོག ཁ་ཆེ་ཨ་ནནྟ། སྐ་བ་དཔལ་བརྩེགས། ཅོག་རོ་ཀླུའི་རྒྱལ་མཚན། ཞང་ཡེ་ཤེས་སྡེ། དབས་འཇམ་དཔལ་གོ་ཆ། རཏྣ་ཨིནྡྲ་ཤཱི་ལ། སྣ་ནམ་རྡོ་རྗེ་བདུད་འཇོམས། ངན་ལམ་རྒྱལ་བ་མཆོག་དབྱངས། ཉང་ཏིང་འཛིན་བཟང་པོ་བཅས་ཞུས་ཆེན་གྱི་ལོ་ཙཱ་བ་བཅོ་ལྔ་བྱུང་། ཡང་བཻ་རོ་ཙ་ན། ལེགས་བྱིན་ཉི་མ། རྨ་རིན་ཆེན་མཆོག འགོ་གོང་སྤུང་འབྱིན། འགོས་ཆོས་གྲུབ། སྦ་གསལ་སྣང་། རྒྱལ་མོ་གཡུ་སྒྲ་སྙིང་པོ། ལྷ་ལུང་ཀླུ་གོང་། ཅ་ཁྲི་གཞེར་པ་ཁྲི་ཏ། རྨ་དགེ་བའི་བློ་གྲོས། རྒྱ་མཚོའི་སྡེ། རྣམ་པར་མི་རྟོག་པ་བཅས་རྒྱ་ནག་གི་སྐད་མཁྱེན་པའི་ལོ་ཙཱ་བ་བཅུ་གཉིས་དེ་རྣམས་ཀྱང་བྱུང་བ་ཡིན། བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་ལོ་ཙཱ་བ་ཁ་གྲངས་མང་དུ་འདུས་པར་གྲགས་པས་ལོ་ཙཱ་བ་དབྱེ་བ་འབྱེད་པའི་སྲོལ་ཡང་བྱུང་བ་ཡིན་པས་འདིར་བཀོད་པའི་དབྱེ་བ་དེ་དག་ནི་ཆེས་སྟབས་བདེ་བ་ཡིན།
གཉིས། ལོ་པཎ་མཉམ་སྡེབ་ཀྱིས་བསྒྱུར་པ།
བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་སློབ་དཔོན་པད་མ་འབྱུང་གནས་དང་མཁན་ཆེན་ཞི་བ་འཚོ་གཉིས་བོད་དུ་གདན་དྲངས་པ་དང་། དེ་བཞིན་སྦ་གསལ་སྣང་ལ་སོགས་རྒྱ་ཡུལ་དུ་མངགས་ནས་ཡི་གེ་སློབ་པར་བཏང་ཡོད་དེ། ཕྱི་ཕྱོགས་རིག་གནས་ནང་འདྲེན་བྱེད་བདེ་བའི་ཆེད་དུའང་ཡིན། དེ་འདྲའི་རྒྱུ་རྐྱེན་དུ་མའི་ཤུགས་རྐྱེན་འོག་ལོ་ཙཱའི་བྱ་གཞག་དེ་འཕེལ་རྒྱས་རབ་ཏུ་བྱུང་བས་ཚད་གཞི་ངེས་ཅན་ཞིག་ཏུ་སླེབས་པས། བཙན་པོ་ཁོང་ཉིད་ཀྱི་སྐབས་སུ་གསུང་རབ་ཀྱི་ཡིག་ཆ་རྣམས་དག་པར་འགྱུར་པའི་ཆེད་དུ་ལོ་པཎ་མཉམ་སྡེབས་ཀྱི་སྲོལ་དར་བ་སྟེ། བོད་ཡིག་གི་གསུང་རབ་མང་ཕྱོགས་ལ་བལྟས་ན་སྤྱིར་བཏང་མ་ཕྱིའི་རྩོམ་པ་པོའི་མཚན་བྱང་བཀོད་པ་ཕུད། ཅིག་ཅར་དུ་མཁན་པོ་དང་ལོ་ཙཱ་བ་རྣམས་ཀྱི་མཚན་བྱང་ཡང་ཕལ་ཆེར་བཀོད་ཡོད། སྐབས་དེའི་འགྱུར་ཚང་མ་ལེགས་སྦྱར་གྱི་སྐད་ལ་བྱང་བའི་མཁན་པོ་དང་བོད་སྐད་ལ་མཁས་པའི་ལོ་ཙཱ་བ་རྣམས་ལྷན་འཛོམས་ཀྱིས་བསྒྱུར་བ་ཡིན་པ་དེ་ནས་མཚོན་ཐུབ།
དེ་བཞིན་ཕྱོགས་གཉིས་ཀའི་བློ་གྲོས་གཅིག་ཏུ་འདུས་པས། འགྱུར་མའི་སྤུས་ཀ་ལེགས་སུ་ཕྱིན་ཡོད་པ་དང་། ཕྱོགས་གཞན་ཞིག་ནས་གསུང་རབ་རིང་བོ་ཞིག་མི་རེ་གཉིས་ཀྱིས་འཇུག་པར་དཀའ་བས་ན། མི་མང་བོར་བགོས་ཏེ་ཐུན་མོང་དུ་བསྒྱུར་ན། ཡུན་ཅུང་ཟད་ཐུང་ངུ་ལས་བསྒྱུར་ནས་ཚར་བར་བྱེད་ཐུབ། བསྟན་འགྱུར་ན་བཞུགས་པའི་དཀོན་བརྩེགས་ཞེས་བྱ་བའི་བོད་འགྱུར་ཤིང་པར་བསྡོམས་པས་བམ་པོ་2190ཡོད་པར་ལོ་ཙཱ་བའི་མིང་12ལྷག་བཀོད་ཡོད་ཅིང་། 《བུ་སྟོན་ཆོས་འབྱུང》དུ་ཁ་ཅིག་ཕྲན་ཚེགས་སྒོ་བརྒྱད་ལས་དྲུག་པ་ཡན་ཆད་མ་འགྱུར་ཟེར་བ་དང་། དཔེ་ཁ་གཅིག་ལས་ཕྲན་ཚེགས་བསྒྱུར་བའི་དུས་སུ་ལོ་ཙཱ་བ་མང་པོར་བགོས་ནས་བསྒྱུར་བས། བམ་པོ་སུམ་ཅུ་རྩ་དགུ་བ་དང་བཞི་ཅུ་རྩ་གསུམ་པ་ཆད་པས། གཉིས་པོ་འདི་དང་པོ་ནས་འགྱུར་རམ་མ་འགྱུར་ཡང་ལོ་ཙཱ་བ་ཆེན་པོ་དཔལ་འབྱོར་ལ་ཞུ་ཞིང་བརྟག་ཅེས་བཀོད་ཡོད་པ་རེད། དེར་བརྟེན། ལོ་པཎ་ཐུན་མོང་དུ་མཛད་ཚེ་དགེ་མཚན་དུ་མ་ལྡན། གཅིག་ནས་ལོ་ཙཱ་བ་མང་པོའི་བློ་རིག་ལྷན་དུ་འགྲན་ནས་གྲོས་མོལ་ཚུལ་གྱིས་འགྱུར་པས་འགྱུར་བྱའི་གསུང་རབ་ཀྱི་སྤུས་ཚད་ཐད་ལ་འགན་ལེན་ཐུབ་པ་དང་། གཉིས་ནས་མི་མང་པོ་འདུས་ཏེ་ཕྱོགས་ཡོངས་ནས་ནུས་ཤུགས་བཏོན་པས་དུས་ཚོད་ལའང་དམ་འཛིན་ལེགས་པོ་ཡོང་ངེས།
གསུམ། ལོ་ཙཱའི་གཞུང་ལུགས་བཀས་བཅད་མཛད་པ།
བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྲིད་སྐྱོང་བའི་སྐབས་སུ། ལོ་ཙཱའི་འཕྲིན་ལས་བོད་ཡུུལ་དུ་ཇེ་དར་ཏུ་འགྲོ་བས། ལོ་ཙཱའི་གཞུང་ལུགས་ཆ་ཚང་བ་ཞིག་གཏན་ལ་ཕབ་དགོས་པ་ནི་ཁ་ཚ་དགོས་གཏུགས་ཡིན། བཀས་བཅད་ཐེངས་དང་པོ་ནི་ཐོན་མི་ནས་ཁྲི་སྲོང་ལྡེ་བཙན་བར་གྱི་དུས་སྐབས་ཡིན་ཞིང་། དེའི་དུས་སུ་ཡི་གེ་བཅོས་བསྒྱུར་བྱས་པ་དང་། གྲུབ་འབྲས་གཙོ་བོ་ནི་གཅིག་གྱུར་གྱི་ཐ་སྙད་གཏན་འཁེལ་བྱས་པ་དེ་ཡིན། ཐ་སྙད་མང་པོ་བཀས་བཅད་པའི་དྲིན་གྱིས། དུས་རབས་རིམ་བྱུང་གི་ལོ་ཙཱ་བ་མང་པོས་བསྒྱུར་བའི་གསུང་རབ་སྐོར་གྱི་ཐ་སྙད་ལ། གཅིག་འགྱུར་ཡོང་བ་དང་མཐུན་པར་སྣང་བའི་རྒྱུན་ཆགས་པ་ལ། ཁྲི་སྲོང་ལྡེ་བཙན་གྱི་བཀའ་ལྟར་མཁན་པོ་དང་ལོ་ཆེན་འགའ་ཞིག་གིས་བསྒྱུར་པའི་《མདོ་དཀོན་མཆོག་སྤྲིན》དང་《མདོ་ཟ་མ་ཏོག》དེ་གཉིས་ནི་ལོ་ཙཱ་ཚད་ལྡན་གྱི་ཚད་གཞིར་ངོས་འཛིན་བྱས།
བཀས་བཅད་ཐེངས་གཉིས་པ་ནི་ཁྲི་ལྡེ་སྲོང་བཙན་གྱི་དུས་ནས་འགོ་ཚུགས་པ་དང་ཁྲི་རལ་པ་བཅས་ཀྱི་དུས་སུ་གཞི་ནས་མཇུག་བསྒྲིལ་བ་རེད། 《བྱེ་བྲག་རྟོགས་བྱེད་ཆེན་མོ》དང《སྒྲ་སྦྱོར་བམ་གཉིས》སོགས་དེབ་གཉིས་གྲུབ་ཡོད། དེ་ལས《སྒྲ་སྦྱོར་བམ་གཉིས》ནི་བྱེ་བྲག་ནང་བསྟན་ཙམ་མ་ཟད། རིག་གནས་གཞན་གང་གི་ལོ་ཙཱའི་ལག་ལེན་གྱི་རིམས་ལམ་སྟོན་པར་ཕན་ཡོན་རྒྱ་ཆེན་པོ་ཐོན་ཡོད། བཀས་བཅད་ཐེངས་གཉིས་བྱས་པ་དེས་ཕྱིས་སུ་ཐེབས་པའི་ཤུགས་རྐྱེན་གཙོ་བོ་ནི་ལོ་ཙཱ་བྱེད་པའི་བརྒྱུད་རིམ་ཁྲོད་ཀྱི་རྩ་དོན་ཆེན་པོ་གསུམ་གཏན་ལ་ཕབ་པ་སྟེ། གཅིག་ནི། ལོ་ཙཱའི་ལུགས་ནི་སྒྲ་དང་མཐུན་ལ། གཉིས་ནི། དོན་དང་ཡང་མི་འགལ་བ་ལ། གསུམ་ནི། བོད་སྐད་ལ་ཡང་གོ་བདེ་བར་གྱིས་ཤིག་བཅས་ཀྱི་རྩ་དོན་དེ་རྣམས་ནི་སྲོང་བཙན་སྒམ་པོ་ནས་ཁྲི་ལྡེ་སྲོང་བཙན་བར་གྱི་ལོ་ཙཱ་ལག་ལེན་གྱི་ཉམས་མྱོང་དང་བསླབ་བྱ་རྣམས་རིགས་པའི་གཞུང་ལུགས་ཐོག་ནས་ཕྱོགས་བསྡོམས་བྱས་པ་ཞིག་ཡིན་པས་དམིགས་སའི་རང་བཞིན་ཧ་ཅང་ཆེན་པོ་ཡོད། དེ་ནི་ད་ལྟའང་སྐད་ཡིག་སྒྱུར་མཁན་རྣམས་ཀྱིས་བརྩི་སྲུང་བྱེད་པའི་གཞི་རྩའི་རྩ་དོན་ཞིག་ཀྱང་རེད། ལོ་ཙཱའི་གཞུང་ལུགས་བཀས་བཅད་མཛད་པ་དེས་ལོ་ཙཱའི་ཐ་སྙད་གཅིག་འགྱུར་གཏན་ལ་ཕབ་པ་དང་། ལོ་ཙཱའི་ཚད་གཞིའང་གཏན་འཁེལ་བྱས་པས་ཕྱིས་ཀྱི་ཡིག་སྒྱུར་གྱི་ལམ་བུར་ནུས་པ་གལ་ཆེན་པོ་ཐོན་ཡོད་སྙམ།
བཞི། དཀར་ཆག་བཟོས་པ།
《དཀར་ཆག་ལྡན་དཀར་མ》དེ་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་བྱུང་བར་གྲགས་ཤིང་། བོད་ཡིག་གི《བཀའ་བསྟན》དཀར་ཆག་གི་ཐོག་མའི་རྣམ་པ་ཞིག་ཏུ་གྱུར་ནས་མི་རབས་རྗེས་མ་རྣམས་ཀྱིས་བོད་ཡིག་གི《བཀའ་བསྟན》ནང་གི《བསྟན་འགྱུར》གྱི་སྡེ་ཁག་ཏུ་བསྒྲིགས་ཡོད། དེར་ཆོས་ཚན་རྣམས་འཚལ་བདེ་བའི་ཆེད་དུ་དང་ལོ་ཙཱ་བསྐྱར་ཟློས་མི་ཡོང་བའི་ཆེད་དུ། བསྒྱུར་ཟིན་པའི་ཆོས་ཚན་གྱི་རྣམ་གྲངས་དང་། བམ་གྲངས། རིགས་དང་རྣམ་དབྱེ་ལ་སོགས་གསལ་བར་མཛད་ཡོད་དོ།
དྲུག དོན་སྒྱུར་གཙོ་བོ་བྱས་པ།
《སྒྲ་སྦྱོར་བམ་པོ་གཉིས་པ》ལས“སྐད་ཁ་ཅིག་དོན་བཞིན་དུ་གདགས་པར་རིགས་པ་རྣམས་ཀྱང་དོན་བཙན་པར་བགྱིས་ཏེ། མིང་དུ་བཏགས་ནས”ཞེས་པ་ལས་ཤེས་གསལ་དོན་སྒྱུར་བྱེད་པའི་སྐབས་སུ་དོན་བཙན་པོའི་སྒོ་ནས་མིང་བཏགས་པ་ལས་གང་བྱུང་དུ་སྒྱུར་མི་ཆོག་སྟེ་སྒྱུར་བྱའི་ནང་དོན་དེ་མ་ཡིག་དང་མཐུན་པར་དགོས་པར་བསྟན།
བཙན་པོ་ཁྲི་སྲོང་ལྡེ་བཙན་དུས་སུ་ལོ་ཙཱའི་བྱ་གཞག་ལ་འཕེལ་རྒྱས་ཆེན་པོ་ཕྱིན་ཡོད། དེ་འདྲའི་འཕོ་འགྱུར་ཡོང་བའི་རྒྱུ་རྐྱེན་ནི་ཆེ་ས་ནས་སྐབས་དེ་དུས་ཀྱི་ཆབ་སྲིད་དང་དཔལ་འབྱོར་དང་རིག་གནས་དེ་བཞིན་ཕྱི་འབྲེལ་སོགས་ཀྱི་འཕེལ་རྒྱས་ཐད་ལ་དགོས་མཁོ་ཤིན་ཏུ་ཆེ་བ་ཡིན་པའི་སྤྱི་ཚོགས་ཀྱི་གནས་སྐབས་དང་མཐུན་པ། བཙན་པོའི་རྒྱ་ཆེའི་རྒྱབ་སྐྱོར་དང་མང་ཚོགས་ཀྱི་ཧུར་ཐག་འབད་ཐག་གི་སྲུང་སྐྱོབ་ལ་བརྟེན་པ་ཞིག་ཡིན། ཆུང་ས་ནས་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་ལོ་ཙཱའི་བྱ་གཞག་ལ་སྔར་ལས་ལྷག་པར་མཐོང་ཆེན་དང་ལོ་ཙཱའི་བྱ་གཞག་ལ་ཆེད་མངགས་མཁོ་བའི་སྒྲ་བསྒྱུར་གླིང་བཙུགས་པ་དང་། ལོ་ཙཱ་བ་ཕུལ་དུ་བྱུང་བ་མང་པོ་གསོ་སྐྱོང་བྱས་པ་བཅས་ནི་རེད་སྙམ། དེ་ནི་དང་ཐོག་ལོ་ཙཱའི་སྤུས་ཚད་ལེགས་པོ་མེད་པ། སྒྲིག་གཞི་དེ་ཙམ་འཐུས་ཚང་མེད་པ་དང་ལོ་ཙཱ་བའི་དཔུང་ཁག་ཆུང་བ་བཅས་ཀྱི་མི་འདང་བའི་ཆ་སྔར་བཞིན་མང་ཡང་རིམ་བཞིན་འཕེལ་རྒྱས་བྱུང་ནས་ལོ་ཙཱའི་སྤུས་ཚད་ལེགས་སུ་ཕྱིན་པ། སྒྲིག་གཞི་ཉིན་བཞིན་འཐུས་ཚང་དུ་ཕྱིན་པ། དམིགས་ཡུལ་ཡང་དེ་བས་མངོན་གསལ་དོད་དུ་ཕྱིན་པ། ལོ་ཙཱ་བའི་དཔུང་ཁག་ཀྱང་ཆེ་རུ་ཕྱིན་པ་བཅས་ཀྱི་གྲུབ་འབྲས་ཆེན་པོ་ཐོན་པའི་ཁྱད་ཆོས་ཤིག་ཡོད། བོད་ཀྱི་ལོ་ཙཱའི་བྱ་གཞག་གི་ནང་དོན་ཧ་ཅང་ཕུན་སུམ་ཚོགས་པས་བོད་ཀྱི་ལོ་རྒྱུས་ལ་ཤེས་རྟོགས་བྱེད་པར་ཕན་ཡོན་ངེས་ཅན་ལྡན་སྙམ།
འབྲེལ་ཡོད་གསར་འགྱུར།