དབུ་ཤོག>བོད་ཀྱི་རིག་གནས།>བོད་རིག་པ།
  • མ་བུ་མཚོའི་རྗེས་ཤུལ། བོད་དབུས་རྒྱུད་ཀྱི་རྡོ་ཆས་གསར་མ་སྔ་ཤོས་ཀྱི་མཚོ་འགྲམ་གྱི་རྗེས་ཤུལ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2025-02-11

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པས་བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོང་ཞིབ་འཇུག་སུའོ་ནས་ཤེས་རྟོགས་བྱས་པར། རང་རྒྱལ་གྱི་མཉམ་འབྲེལ་གནའ་རྫས་རྟོག་ཞིབ་རུ་མིས་ལོ་ལྔའི་རིང་སྔོག་འདོན་བྱས་པའི་མ་བུ་མཚོའི་རྗེས་ཤུལ་ནི་མིག་སྔར་མཚོ་བོད་ས་མཐོའི་དབུས་ཁུལ་གྱི་ས་བབ་མཐོ་ཤོས་དང་། ལོ་རབས་སྔ་ཤོས། རྒྱུན་མཐུད་དུས་ཡུན་རིང་ཤོས། རིག་གནས་ཆགས་རིམ་གསལ་ཤོས་བཅས་ཡིན་པ་མ་ཟད། ཕྱིའི་རྒྱུ་རྐྱེན་སྣ་ཚོགས་ཀྱི་ཤུགས་རྐྱེན་འོག་སྔར་བཞིན་རང་ངོས་ཀྱི་རིག་གནས་ཁྱད་ཆོས་མངོན་གསལ་དོད་པོ་རྒྱུན་འཁྱོངས་ཐུབ་པའི་རྡོ་ཆས་གསར་མའི་དུས་རབས་ཀྱི་མཚོ་འགྲམ་གྱི་རྗེས་ཤུལ་ཞིག་རེད།

    མ་བུ་མཚོའི་རྗེས་ཤུལ་ནི་གཞིས་རྩེ་གྲོང་ཁྱེར་ཁང་དམར་རྫོང་མ་བུ་མཚོའི་འགྲམ་དུ་གནས་ཡོད་པ་དང་ས་བབ་མཐོ་ཚད་ལ་སྨི་4410ནས་4430བར་ཟིན་ཞིང་། དེའི་ཁྱབ་རྒྱ་སྨི་ངོས་གྲུ་ཁྲི་14ལྷག་ཙམ་ཟིན་ཡོད་པ་དང་། མིག་སྔར་སྔོག་འདོན་རྒྱ་ཁྱོན་སྨི་ངོས་གྲུ་1650ཟིན་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2019ལོར་རང་རྒྱལ་གྱི་མཉམ་འབྲེལ་གནའ་རྫས་རྟོག་ཞིབ་རུ་ཁག་གིས་མཚོ་བོད་ས་མཐོའི་ཚན་རིག་རྟོག་ཞིབ་ཐེངས་གཉིས་པའི“མིའི་རིགས་ཀྱི་འགུལ་སྐྱོད་ལོ་རྒྱུས་དང་དེའི་ཤུགས་རྐྱེན”གྱི་བརྟག་དཔྱད་ལས་དོན་སྤེལ་རིང་མ་བུ་མཚོའི་རྗེས་ཤུལ་ཐོག་མར་རྙེད་ཡོད། 2020ལོ་ནས་2024ལོ་བར། རྒྱལ་ཁབ་རིག་དངོས་ཅུས་ཀྱི་ཆོག་མཆན་ཐོབ་པ་བརྒྱུད། བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོང་ཞིབ་འཇུག་སུའོ་ཡིས་ཀྲུང་གོ་ཚན་རིག་ཁང་མཚོ་བོད་ས་མཐོ་ཞིབ་འཇུག་སུའོ་དང་། ལན་ཀྲོའུ་སློབ་ཆེན། པེ་ཅིང་སློབ་ཆེན། རྒྱལ་ཁབ་རིག་དངོས་ཅུས་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ལྟེ་གནས་སོགས་ཚན་པ་མང་པོ་དང་མཉམ་དུ་རྗེས་ཤུལ་དེར་རི་ཐང་སྔོག་འདོན་གྱི་ལས་དོན་བསྟུད་མར་སྤེལ་བར། གནའ་རྫས་རྟོག་ཞིབ་རུ་མིས་མ་དཔེ་1300ལྷག་ཙམ་སྔོག་འདོན་བྱས་ཡོད། ཞིབ་འཇུག་བྱས་འབྲས་ལས་མངོན་པར། རྗེས་ཤུལ་གཙོ་བོའི་ལོ་རབས་ཀྱི་བརྒལ་ཚད་དེ་ད་ལྟའི་བར་ལོ་4800ནས་2000ལོ་བར་ཟིན་གྱི་ཡོད།

    མ་བུ་མཚོའི་རྗེས་ཤུལ་གྱི་མཉམ་འབྲེལ་གནའ་རྫས་རྟོག་ཞིབ་རུ་ཁག་གི་རུ་དཔོན་ཤར་རྒན་དབང་འདུས་ཀྱིས“མ་བུ་མཚོའི་རྗེས་ཤུལ་གྱིས་ང་ཚོར་ཡི་གེ་མ་བྱུང་གོང་གི་ས་མཐོའི་མི་ཚོགས་ཀྱིས་གང་འདྲ་བྱས་ནས་མཚོའི་ཐོན་ཁུངས་ལ་དམིགས་ནས་ཕྱོགས་ཁག་གི་རིག་གནས་མཉམ་འདྲེས་བརྒྱུད། འཕེལ་རྒྱས་ཀྱི་དུས་མཚམས་མི་འདྲ་བར་རིག་གནས་དང་དཔལ་འབྱོར་གྱི་ཐབས་ཇུས་མི་འདྲ་བ་སྤྱད་དེ། འཕེལ་རྒྱས་དང་འཚམ་པའི་ལག་ལེན་གྱི་དཔེ་མཚོན་མཁོ་འདོན་བྱས་པ་དང་། ཡི་གེ་མ་བྱུང་གོང་གི་མཚོ་བོད་ས་མཐོའི་དབུས་རྒྱུད་ཀྱི་ས་བབ་མཐོ་བའི་ས་ཁོངས་ཀྱི་མི་ཚོགས་ཀྱིས་ཨེ་ཤེ་ཡ་ལྷོ་མ་དང་ས་འབྲེལ་ཡིན་པའི་ཧི་མ་ལ་ཡའི་བར་རྒྱུད་ཀྱི་ས་མཐོའི་མཐའ་མཚམས་སུ་ཁོར་ཡུག་དང་འཚམ་པ་དང་། རིག་གནས་རྒྱུན་འཛིན། སྤེལ་རེས་མཉམ་འགུལ་བཅས་བྱེད་རིང་དཀའ་ཚེགས་ཆེ་ཞིང་འོད་སྟོང་འཕྲོ་བའི་འཚོ་གནས་ཀྱི་ལོ་རྒྱུས་ལམ་བུ་གསོན་ཉམས་དོད་པོས་མངོན་ཡོད”ཅེས་བརྗོད། 

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།