དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • བཞད་གངས་སྐྱེས་ཀྱི་བྱིས་པའི་སྙན་ངག་བདམས་བཀོད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-02-09

    དཔེ་ཆ་ནི་བག་ལེབ་རེད།

    གྲོད་ཁོག་ལྟོགས་པའི་སྐབས་སུ།

    ངས་དཔེ་ཆ་བཀླགས་པ་ཡིན།

    དཔེ་ཆ་ནི་བག་ལེབ་རེད།

    དཔེ་ཆ་ནི་སྦྲང་དཀར་རྩམ་པ་རེད།

    ཁ་སྐོམ་པའི་དུས་སུ།

    ངས་དཔེ་ཆ་བཀླགས་པ་ཡིན།

    དཔེ་ཆ་ནི་སྐོམ་སེལ་བདུད་རྩི་དང་འདྲ།

    ཞིམ་མངར་འོ་མ་དང་འདྲ།

    གནམ་ལ་འཕུར་འདོད་དུས་དང་།

    དོག་མོ་ས་ལ་རྒྱུག་འདོད་དུས།

    ངས་དཔེ་ཆ་བཀླགས་པ་ཡིན།

    དཔེ་ཆ་ནི་འཕུར་བྱེད་གཤོག་པ་དང་འདྲ།

    དཔེ་ཆ་ནི་འཕྲུལ་གྱི་རྟ་ཕོ་དང་འདྲ།

    གལ་ཏེ་ཁྱེད་རང་ངོ་མཚར་ཆེ་བའི་ལྟད་མོ་ལྟ་འདོད་ཚེ།

    མེ་ཏོག་དང་འདྲ་བའི་དཔེ་ཆ་ཀློགས་ཤིག

    དཔེ་ཆ་ནི་མི་ཡུལ་གྱི་མེ་ལོང་རེད།

    དཔེ་ཆ་ནི་འཇིག་རྟེན་གྱི་སྐར་ཁུང་རེད།

    དཔེ་ཆ་ནི་ཡི་གེའི་གར་སྟབས་རེད།

    གྲ་སྒྲིག

    སྐྱ་ཀ་ཁྲ་མོ་ཉིན་མཚན་མེད་པར།

    ཚང་བཅའ་བའི་ལས་ལ་བརྩོན།

    ངང་པའི་རྒྱལ་པོ་ཉིན་མཚན་མེད་པར།

    ངང་ཕྲུག་ལ་རྐྱལ་རྩལ་སློབ་པར་བྲེལ།

    ཨ་མ་ལགས། ཁྱེད་རང་གིས་གྲ་སྒྲིག་ག་རེ་གནང་གི་ཡོད།

    བུ་ཁྱོད་སློབ་གྲྭར་འགྲོ་དུས་གོན་བྱེད་ཀྱི།

    སྲིང་བལ་གྱི་སྟོད་ཐུང་དང་བལ་གྱི་རྐང་ཤུབས།

    དགུན་ཁའི་ཞྭ་མོ་གྲ་སྒྲིག་བྱེད་ཀྱི་ཡོད།

    ཨ་ཕས་ཀྱང་ང་ལ་བཟོ་ལྟ་དཔེ་གསར་གྱི་དཔེ་ཁུག་དང་།

    ཀ་ཁའི་འབྲི་ཤོག་གྲ་སྒྲིག་བྱས་འདུག

    གཅུང་པོ་ནི་འཁྱག་ཤུར་གློད་བྱེད་ཀྱི།

    ལྕགས་ཀྱི་འཁོར་ལོ་དང་ཤེལ་གྱི་གཤོག་པ།

    གློག་གི་སྐུད་པ་བཅས་གྲ་སྒྲིག་བྱེད་བཞིན་འདུག

    ངས་གྲ་སྒྲིག་ག་རེ་བྱེད་དགོས་སམ།

    མཚན་གང་བསམ་བློ་གཏོང་གིན་གཉིད་མ་ཁུག

    རྨི་ལམ་དུ་ངས་སློབ་གྲོགས་ཚོར།

    བཟོ་ལྟ་སྣ་ཚོགས་ཡོད་པའི་སྒམ་ཆུང་རེ་སྤྲད།

    རྨི་ལམ་དུ་ངས་རྒན་ལགས་ཚོར།

    ཁ་དོག་སྣ་ཚོགས་ཡོད་པའི་མེ་ཏོག་རེ་ཕུལ།

    བསམ་པ་བཟང་བའི་རླུང་བུ།

    རླུང་བུ་ནི་གཤིས་ཀ་ལེགས་པའི་སྒོ་ཁྱི་ཞིག་རེད།

    ཕྲུ་གུ་ཞིག་གིས་དགའ་ཀྲོག་ཀྲོག་གིས་དེ་ལྟར་ལབ།

    རྒྱུ་མཚན་ནི་ཁོའི་རླུང་འཁོར་རླུང་ལ་བརྟེན་ནས་འཁོར་བཞིན་འདུག

    རླུང་བུ་ནི་བསམ་པ་ངན་པའི་ཆུ་སྲིན་ཞིག་རེད།

    བྱིས་པ་ཞིག་གིས་ངུ་ཙིར་ཙིར་གྱིས་དེ་ལྟར་ལབ།

    རྒྱུ་མཚན་ནི་ཁོའི་ཚོན་ཁྲ་ཅན་གྱི་ལྒང་བུ་རླུང་གིས་ནམ་མཁར་ཁྱེར་འདུག

    རླུང་བུ་ནི་ཨ་མའི་ཕྱག་ཟུང་དང་འདྲ།

    མེ་ཏོག་དང་རྩི་ཤིང་གིས་དེ་ལྟར་ལབ།

    རྒྱུ་མཚན་ནི་རླུང་བུ་ལྡང་དུས་ཁོ་ཚོས་སྐྱིད་པའི་བྲོ་གར་འཁྲབ་ཆོག

    རླུང་བུ་ནི་གཤོག་པ་ཐོགས་པའི་མེ་འཁོར་དང་འདྲ།

    སྤྲིན་དཀར་གྱི་འདབ་མས་དེ་ལྟར་ལབ།

    རྒྱུ་མཚན་ནི་སྤྲིན་དཀར་གྱི་ཚོམ་བུས་རླུང་གི་རྟ་ཕོར་བཞོན་ཏེ།

    འཛམ་གླིང་གི་ཡུལ་གྲུ་གང་སར་སྤྲོ་འཆམ་ལ་འགྲོ་ཆོག་པས་རེད།

    འཛམ་བུ་གླིང་གི་ཨ་མ།

    ལྷོ་འཛམ་བུ་གླིང་ལ་ཨ་མ་ཞིག་ཡོད།

    རླབས་ཆེན་གྱི་ཨ་མ་ཁོང་གིས།

    བུ་ཕྲུག་ཁྲི་སྟོང་མང་པོ་གཉོར་སྐྱོང་གནང་ཡོད།

    བུ་ཕྲུག་ཁག་གཅིག་རི་ཡི་ཁོག་དང་མཚོ་ཡི་ནང་དུ་ཡོད།

    བུ་ཕྲུག་ཁག་གཅིག་ཨ་སྔོན་གནམ་དང་དོག་མོ་ས་རུ་ཡོད།

    ཁག་གཅིག་ལ་རྐང་ལག་བརྒྱ་དང་སྤྱན་མིག་སྟོང་ཡོད།

    ཁག་གཅིག་ལ་འཕུར་བྱེད་གཤོག་པ་དང་བགྲོད་བྱེད་རྐང་པ་ཡོད།

    བར་སྣང་མཐོངས་སུ་འཕུར་ཤེས་པའི་གྲུ་གཟིངས་ཤིག་ཡོད།

    གྲུ་གཟིངས་ནང་དུ་ང་ཚོ་དང་རི་རབ་ཀྱི་དཔུང་པ་མཉམ་དུ་ཡོད།

    ང་ཚོ་དང་གཙང་ཆབ་ཀྱི་གླུ་སྐད་ལྷན་དུ་ཡོད།

    ང་ཚོ་དང་ལྗོན་ཤིང་གི་ལག་པ་མཉམ་དུ་ཡོད།

    ལྷོ་འཛམ་བུ་གླིང་དུ་ཡིད་འོང་གི་གྲོང་ཚོ་ཞིག་ཡོད།

    གྲོང་ཚོ་དེ་རུ་ང་ཚོ་དང་སྟག་གཟིག་ཁྱིམ་མཚེས་ཡིན།

    ང་ཚོ་དང་ཁྱུང་འབྲུག་ཕ་མེས་གཅིག་ཡིན།

    ང་ཚོ་དང་ཤ་བ་ཡུ་མོ་གཉེན་ཉེ་ཡིན།

    དབྱར་དགུན་སྟོན་དཔྱིད་ལ་མེ་ཏོག་རེ་རེ་འཁྲུངས་སྲིད།

    དེ་ནི་འཛམ་གླིང་ཨ་མའི་འཁྲུངས་སྐར་ལ་ཕུལ་བའི་འཛུམ་ཆུང་རེ་རེ་ཡིན།

    ཉིན་དང་མཚན་ལ་གླུ་དབྱངས་རེ་རེ་གྲགས་འོང་།

    དེ་ནི་འཛམ་གླིང་ཨ་མའི་ལང་ཚོའི་འགྱུར་ཁུག་རེ་རེ་ཡིན།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།