དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • ལྕོང་མོས་ཨ་མ་འཚོལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-02-09

    རྫིང་བུ་ཞིག་གི་ནང་དུ་མགོ་བོ་ཆེ་ལ་ལུས་པོ་ཐལ་མདོག་གི་ལྕོང་མོ་ཁྱུ་གཅིག་ཡོད་ཅིང་། དེ་དག་གིས་ཕྲ་ཞིང་རིང་བའི་མཇུག་མ་གཡུག་བཞིན་ཅི་དགར་འཁྱུག་བགྲོད་བྱེད་བཞིན་མཆིས།

    ལྕོང་མོ་དེ་དག་རྩེད་མོར་མགོ་གཡེངས་ནས་ཉིན་ཤས་སོང་རྗེས་རྐང་པ་གཉིས་སྐྱེས་པ་དང་། ཁོ་ཚོས་སག་ཉའི་ཨ་མས་རང་གི་ཕྲུ་གུར་ཟས་འཚོལ་སྟངས་སློབ་བཞིན་པ་མཐོང་ནས། སག་ཉའི་ཨ་མ་ལགས། ང་ཚོའི་ཨ་མ་གང་དུ་ཡོད་ཅེས་དྲིས་པར། སག་ཉའི་ཨ་མས། ཁྱོད་ཚོའི་ཨ་མ་ནི་ཁ་ཆེ་ཞིང་རྐང་ལག་བཞི་ཅན་ཞིག་ཡོད་པས། ཕར་ཕྱོགས་ལ་འཚོལ་བར་རྒྱུགས་ཞེས་བཤད།

    དེ་ནས་ལྕོང་མོ་རྣམས་མུ་མཐུད་རྩེད་མོར་མགོ་གཡེངས་ནས་ཉིན་ཤས་སོང་བ་ན་ལག་པ་གཉིས་སྐྱེས། ཁོ་ཚོས་རུས་སྦལ་ཞིག་རྐང་ལག་བཞི་ག་འགུལ་ནས་ཆུ་ནང་དུ་རྐྱལ་རྒྱག་པ་མཐོང་མ་ཐག་བརྒྱུགས་ཕྱིན་ཏེ། ཨ་མ། ཨ་མ་ཞེས་བོས། རུས་སྦལ་གྱིས་གད་མོ་དགོད་བཞིན། ང་ཁྱོད་ཚོའི་ཨ་མ་མིན། ཁྱོད་ཚོའི་ཨ་མ་ནི་མིག་ཆེན་པོ། གོས་ལྗང་གུ་གྱོན་པ་ཞིག་ཡོད་པས། དེ་འཚོལ་དུ་རྒྱུགས་ཞེས་བཤད།

    ཡང་ལྕོང་མོ་རྣམས་རྩེད་མོར་མགོ་གཡེངས་ནས་ཉིན་ཤས་སོང་བ་ན། མཇུག་མ་ཇེ་ཐུང་དུ་ཕྱིན། དེ་ནས་ཁོ་ཚོ་མེ་ཏོག་པད་མ་ཞིག་གི་གམ་དུ་སླེབས་པ་དང་། པད་མའི་ལོ་མའི་སྟེང་དུ་ལུས་ལ་གོས་ལྗང་གྱོན་པ། གྲོད་པ་དུང་ལྟར་དཀར་ཞིང་ལྡིར་བ། ཁ་ཆེ་ཞིང་མིག་གཉིས་འབུར་བའི་སྦལ་པ་ཞིག་ཙོག་པུར་བསྡད་ཡོད་པ་མཐོང་། དེ་འཕྲལ་ལྕོང་མོ་ཚོས། ཨ་མ། ཨ་མ་ཞེས་བོས་པར། སྦལ་པས་མགོ་བོ་དུད་ནས་མར་བལྟས་པར། རང་གི་ཕྲུ་གུ་རྣམས་འཚར་ལོངས་བྱུང་བ་མཐོང་སྟེ། ཕྲུ་གུ་ཚོ། ཁྱོད་ཚོ་ད་ལྟ་སྦལ་པར་གྱུར་ཟིན་པས། ད་པད་མའི་ལོ་མའི་སྒང་ལ་མཆོངས་ཤོག་ཅེས་བཤད་པ་ན། སྦལ་ཕྲུག་དེ་ཚོས་རྐང་པ་གཉིས་བཀན་ཏེ་མཆོང་ཐེངས་གཅིག་ལ་པད་མའི་ལོ་མའི་སྒང་དུ་སླེབས།

    ཕྱིས་སུ་ཉིན་ག་ཚོད་སོང་བ་མ་ཤེས་པར། སྦལ་ཕྲུག་རྣམས་ཀྱི་མཇུག་མ་མི་སྣང་བར་གྱུར་ཞིང་། ཁོ་ཚོ་ཉིན་ལྟར་ཨ་མའི་རྗེས་སུ་འབྲངས་ནས་གནོད་འབུ་འཛིན་པར་འགྲོ་གི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།