དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • དུང་ཞེན་ཡིད་ཀྱི་མགུར་མ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  འཇོ་མདའ་པདྨ།   |     སྤེལ་དུས།  2025-02-09

    སྐུད་མེད་དྲ་བའི་ལམ་ནས། །

    ལས་ཀྱིས་ཐུག་འཕྲད་བྱུང་བའི། །

    རྒྱང་རིང་སྙིང་གི་བུ་མོར། །

    སྙིང་གཏམ་ཚིག་གསུམ་ཞུས་ཡོད། །

    བར་ཐག་རི་ཆུས་ཆོད་པས། །

    མཇལ་འཛོམས་གོ་སྐབས་ཉུང་རུང་། །

    དུང་ཞེན་ཡིད་ཀྱི་ཐག་པས། །

    ཁྱོད་དང་རྟག་ཏུ་སྦྲེལ་ཡོད། །

    སེམས་པ་ཁྱོད་ལ་ཤོར་ཤོར། །

    སུ་དང་གང་ལ་མ་ཤོར། །

    ཁྱོད་ཀྱི་བརྩེ་སེམས་དྭངས་མ། །

    ང་ལ་ཐོབ་ན་བསམ་བྱུང་། །

    མིག་ཟུང་ཁྱོད་ལ་འཁོར་འཁོར། །

    སུ་དང་གང་ལ་མ་འཁོར། །

    ཁྱོད་ཀྱི་ལང་ཚོའི་མེ་ཏོག །

    ང་ལ་དབང་ན་བསམ་བྱུང་། །

    ང་རང་ཐོས་བསམ་སླད་དུ། །

    ཁྱོད་དང་གཤིབ་སྐལ་བྲལ་ཡང་། །

    ཁྱོད་ལ་འཁྲེང་བའི་སེམས་པ། །

    ནམ་ཡང་འགྱུར་བ་མེད་སོང་། །

    སློབ་གཉེར་ལམ་བུར་ཞུགས་ནས། །

    ཤེས་རིག་མེ་ཏོག་བཏུས་ཡོད། །

    བརྩེ་སེམས་ཟླ་འོད་ཟེགས་མ། །

    ཁྱོད་ཀྱི་ཕྱོགས་སུ་གཏོར་ཡོད། །

    ང་ཡི་འཚོ་བའི་ཁྲོད་དུ། །

    ཅི་ཡང་མེད་ན་ཆོག་མོད། །

    ཡིད་སེམས་མདའ་མོ་ཤོར་སའི། །

    ཁྱོད་རང་མེད་ཐབས་མི་འདུག །

    མངོན་སུམ་མིག་གི་དབང་པོས། །

    ཁྱོད་རང་མཐོང་ཐབས་མེད་ཀྱང་། །

    སྒྱུ་འཕྲུལ་རྨི་ལམ་གཞུང་ནས། །

    ཁྱོད་དང་མཇལ་བར་ཤོག་ཅིག །

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།