དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • སྔོ་སྨན་ཐ་རམ་ཡུལ་གྲུ་ཀུན་ལ་ཁྱབ་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-02-03

    ཆུང་བྱིས་པའི་དུས་སུ་རྩེད་ཆས་མེད་པས། སྔོ་རྩྭའི་ལོ་མ་འཐུ་བཞིན་སྡོད་རྒྱུ་ནི་སྣང་བ་སྐྱིད་ཅིང་མགོ་འཁོར་ས་ཡག་པོ་ཞིག་རེད།

    ཁང་ཁྱིམ་གྱི་སྒོ་རའི་ཕྱི་ནང་དུ་སྐྱེས་པའི་རྩྭ་ཡན་རང་དགར་འཐུ་ཆོག་སྟབས། རྣམ་ཀུན་ངས་ལོ་མ་ཁ་ཞེང་ཆེ་ལ་རིང་བ་དང་། ས་ངོས་ལ་སྦྱར་ནས་སྐྱེས་པའི་རྩྭ་ཡན་གྱི་ལོ་མ་འཐེན་རིམ་བཞིན་ཨ་མས་འཛུམ་དང་བཅས། དེ་ནི་ཕག་པའི་ཨམ་ཅོག་ཡིན་ལ་ཨ་མའི་སྔོ་སྨན་ཡང་རེད་ཅེས་གསུངས། དེ་ལྟར། ངས་ཕག་པའི་ཨམ་ཅོག(ཧོའེ་ཧྭ་གཙང་པོའི་བྱང་རྒྱུད་ཀྱི་ཡུལ་སྐད་ཡིན་ལ་སྔོ་སྨན་ཐ་རམ་གྱི་མིང་ཡིན)ཅེས་པའི་སྨན་ངོ་ཤེས་ཤིང་། གང་དེ་ས་ངོས་སུ་ཐོན་ཙམ་ལ་ཟས་བཅུད་ཅི་ཡང་མེད་ཀྱང་རིམ་བཞིན་ཇེ་ཆེར་འགྲོ།

    “ཕག་པའི་ཨམ་ཅོག་ཨ་མའི་སྨན་ཡིན”

    ཞེས་པའི་ཨ་མའི་གསུང་ལ་རྒྱུ་མཚན་ཡོད་དེ། སྐབས་དེ་དུས་རྨོ་བོ་ལགས་ཀྱིས་རྟག་ཏུ་ཕག་པའི་ཨམ་ཅོག་བསྐོལ་ཏེ། སྐུ་གཟུགས་མི་བདེ་བའི་དུས་སུ་དེའི་སྨན་ཐང་འཐུང་གི་ཡོད་ལ། བདེ་མ་ཐང་མའི་སྐབས་སུའང་ཉིན་མ་གནངས་འཆར་བཞིན་ཕོར་པ་གང་འཐུང་བར་བྱེད་ཅིང་། ལོ་རེའི་དུས་བཞིར་གང་དེའི་སྨན་ཐང་འཐུང་བར་གོམས་ལ། དཔྱིད་དབྱར་སྟོན་གསུམ་གྱི་ནམ་ཟླར་སྔོ་སྨན་གང་དེ་གསོས་པར་བསྐོལ་བའི་སྨན་ཐང་དང་། དགུན་ཁར་བསིལ་སྐམ་བཏང་བའི་སྔོ་སྨན་བསྐོལ་ཏེ་འཐུང་བར་བྱེད། སྒོ་རའི་ཕྱི་ནང་དུ་སྐྱེས་པའི་ཕག་པའི་ཨམ་ཅོག་དག་བསྐམས་རྗེས། ཨ་མས་དེའི་རྩ་བ་རྨོ་བོ་ལགས་སུ་དགུན་དུས་སྨན་ཐང་སྐོལ་བྱེད་ལ་ཕུལ་གྱི་ཡོད།

    རྨོ་བོ་ལགས་དགུང་ལོ་བཅུ་གྲངས་ཀྱི་དུས་ནས་ཕག་པའི་ཨམ་ཅོག་གི་སྨན་ཐང་བཞེས་པར་ལོབས་ཤིང་། དགུང་གྲངས་98སྐབས་སུ་སྙུན་གཞི་གང་ཡང་མེད་པར་འབྱུང་བཞི་གུད་དེ་གཤེགས། ཨ་མས་ཕག་པའི་ཨམ་ཅོག་གི་སྨན་ཐང་འཐུང་བ་དེ་ནི་རྨོ་བོ་ལགས་ཀྱི་ས་ནས་རྒྱུན་འཛིན་བྱས་ཤིང་། ཨ་མས་སྨན་ཐང་འདི་བཏུངས་ནས་མི་ལོ་ལྔ་བཅུ་དྲུག་ཅུ་ཙམ་སོང་བ་དང་། ཁོང་གཉིས་པོས་ཕག་པའི་ཨམ་ཅོག་གི་སྨན་ཐང་བཞེས་ནས་སྔ་རྟིང་དུ་ཁྱོན་མི་ལོ་བརྒྱ་ལྷག་ཙམ་གྱི་རྒྱུན་བསྐྱངས།

    ཨན་ཧུའེ་བྱང་རྒྱུད་ཀྱི་ས་ཆ་ཚང་མར་ཕག་པའི་ཨམ་ཅོག་ཅེས་པའི་སྔོ་སྨན་འདི་ཡོད། ཨ་མ་ཞིང་ལས་གནང་གྲུབ་སྟེ་ལོག་འོང་དུས། སྐབས་རེ་ཕྱག་ཏུ་ཕག་པའི་ཨམ་ཅོག་སྦར་མོ་གང་བསྣམས་ཏེ་ལག་ཞོར་ལ་བྱ་ཚང་ཐོག་བསིལ་སྐམ་གཏོང་གི་ཡོད། གལ་ཏེ་རེས་གཟའ་ཉི་མ་ཡིན་ན་ཕྱག་ལས་གྲུབ་རྗེས་ཨ་མས་ཕྱག་གི་རྐོ་མ་ང་ལ་སྤྲད་དེ། ཡུར་བུའི་ཁ་ལ་སྐྱེས་པའི་ཕག་པའི་ཨམ་ཅོག་དེ་ཚོ་བཀོག་ཤོག མགོ་གཟེར་ལངས་པ་སོགས་ཀྱི་ནད་གཞི་ཕྲན་བུ་འོང་དུས་བསྐོལ་ནས་བཏུངས་ན། ཚ་བ་མེ་དྲོད་འཇོམས་པ་མ་ཟད་ལག་དངུལ་གྲོན་ཆུང་ཐུབ་ཀྱི་རེད་ཅེས་གསུངས་ཀྱི་ཡོད།

    ཨ་མའི་ཐུགས་དགོངས་ལ། ཕག་པའི་ཨམ་ཅོག་གིས་སྨན་གྱི་ཚབ་བྱས་ཏེ་ཆམ་ནད་ཆུང་ངུ་སྔོན་འགོག་ཐུབ་པས་མ་ཚད། གཙོ་བོ་ལག་དངུལ་ཡང་གྲོན་ཆུང་བྱེད་ཐུབ། ཁོང་གིས་སྐབས་རེ་རང་ཉིད་འཐུང་ཞོར་ང་ལའང་བྲོ་བ་མྱོང་དུ་འཇུག་གི་ཡོད། ཐོག་མའི་སྐབས་སུ་ངས་བྲོ་བ་ཞིམ་པོ་མེད་ངེས་རེད་སྙམ་མོད། ཨ་མས་སྣང་བ་མེད་པར་འཐུང་སྐབས་ཡང་སེམས་ལ་ཞིམ་པོ་ཡོད་ཀྱི་རེད་སྙམ་ནས་ཨ་མ་དང་མཉམ་དུ་འཐུང་གི་ཡོད།

    དམའ་རིམ་སློབ་འབྲིང་འགྲིམ་སྐབས། ངས་སྔོ་རྩྭ་ཐ་རམ་དེས་ཀྲུང་ལུགས་སྨན་གྱི་ཚབ་བྱས་ཆོག་པ་ཤེས་མོད། འོན་ཀྱང་། དངོས་པོ་དེའི་མ་དཔེ་གང་ཡིན་མི་ཤེས། ཕྱིས་སུ་རྒན་ཀྲུའུ་ལགས་ཀྱིས་སློབ་སྟོན་གནང་མ་ཐག ངས་ཐ་རམ་ནི་ངེད་ཚང་གི་སྒོ་རའི་ཕྱི་ནང་དུ་སྐྱེས་པའི་ཕག་པའི་ཨམ་ཅོག་དེ་དག་ཡིན་པ་གཞི་ནས་ཤེས།

    ཉེ་ཆར། རྒྱལ་ནང་གི་མཁས་དབང་འགས་བརྩམས་པའི་དཔེ་དེབ་ནང་གི་སྙན་ཚིག་འགའ་ཀློག་དུས། སྔོ་སྨན་གཅིག་ལ་ཡུལ་ལུང་སོ་སོར་འབོད་ཚུལ་མང་པོ་ཡོད་པ་ཤེས་ལ། སྔོ་སྨན་ཐ་རམ་གྱི་ལོ་མ་ཡང་ཕག་པའི་ཨམ་ཅོག་འདྲ་བས། འདྲ་དཔེའི་མིང་དེ་དམངས་ཁྲོད་དུ་རྒྱ་ཁྱབ་དུ་སྤྱོད་བཞིན་པ་ནི་ཧོའེ་པེ་བྱང་རྒྱུད་ཀྱི་ཐ་རམ་ལ་ཕག་པའི་ཨམ་ཅོག་ཅེས་འབོད་པ་དང་གཅིག་མཚུངས་ཡིན་པ་རྟོགས།

    ཉི་འོད་གྲོང་ཁྱེར་དུ་སླེབས་རྗེས། ངས་ལས་ཁུངས་ཀྱི་སྒོ་ར་དང་ལྷ་ཀླུ་འདམ་རར་ཕག་པའི་ཨམ་ཅོག་སྐྱེས་ཡོད་པ་ཤེས་རྗེས། ཨ་མ་ལགས་ལ་དེ་དོན་ཞུས་པ་ཡིན། ཁོང་གིས་བོད་དུ་སྐྱེས་པ་དང་ང་ཚོའི་ཕ་ཡུལ་དུ་སྐྱེས་པའི་ཕག་པའི་ཨམ་ཅོག་གཉིས་གཅིག་པ་ཡིན་མིན་བཀའ་འདྲི་གནང་བྱུང་བར། ལས་ཁུངས་ཀྱི་སྒོ་རའི་ནང་སྐྱེས་པ་དག་ཀྱང་ས་ངོས་ལ་སྦྱར་ཡོད་པས་ངེད་ཚང་གི་སྒོ་རའི་ཕྱི་ནང་ལ་སྐྱེས་པ་དང་འདྲ། ལྷ་ཀླུ་འདམ་རར་སྐྱེས་པ་རྣམས་ལོ་མ་ཆེ་ཙམ་ཡོད་པས། ང་ཚོའི་ཡུལ་གྱི་ཆུ་ཡུར་གཞུང་ལ་སྐྱེས་པ་དང་འདྲ་པོ་འདུག་ཅེས་ཞུས་པ་ཡིན།

    འབྲི་ཆུའི་འགྲམ་ངོགས་དང་། ཡང་ན་ཧོའེ་པེ་ས་གཞི་ཆེན་པོ། དེ་བཞིན་མཚོ་བོད་མཐོ་སྒང་གང་ཡིན་རུང་། ཚང་མར་ཕག་པའི་ཨམ་ཅོག་སྐྱེ་བཞིན་ཡོད་པ་དང་། མ་གཞི་ཐ་རམ་དང་། ན་རམ། སྤང་རམ་སོགས་རང་རང་གི་འབོད་ཚུལ་མི་འདྲ་བ་ཡོད་མོད། ཚང་མར་ཁུའེ(葵)ཟེར་བའི་གནའ་བོའི་མིང་རེ་ཡོད་ཅིང་། དོན་དམ་དུ་དེ་ནི་ཀྲུང་ལུགས་ཀྱི་སྔོ་སྨན་ཐ་རམ(车前草)ཞེས་པ་དེ་ཡིན་ནོ།

    (ཐང་ཏཱ་ཧྲན་གྱིས་བརྩམས། དཀོན་མཆོག་སྒྲོལ་མས་བསྒྱུར)

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།