ས་རུབ་ཐེངས་རེར།
སྨྱུག་ཞེན།
ས་རུབ་ཐེངས་རེར། མུན་པའི་ཡོལ་བ་འཕྲེད་དུ་འཐེན་རྗེས། མུན་ནག་གི་ཀློང་ན་འཛུམ་པའི་དཀར་འོད་ཆེམ་ཆེམ་གྱི་ཟླ་བའི་གཟི་བྱིན་ལྟ་ན་སྡུག ངས་དགུང་མཐའི་མཚམས་སྤྲིན་དང་། མཚམས་སྤྲིན་གྱི་ངོགས་ན་འཕུར་བའི་བྱ་ཁྱུ། ས་སྲོས་ཀྱི་གྲིབ་གཟུགས་སོགས་རུམ་གང་གཉོར་ནས། སྒེའུ་ཁུང་འགྲམ་གྱི་གློག་འོད་དང་ལྷན་དུ་སྙན་ངག་གི་མཆོད་ཆང་ཧུབ་གང་བཏུང་མྱོང་།
ས་རུབ་ཐེངས་རེར། སྒེའུ་ཁུང་ནས་སྐར་ཚོམ་ལ་ཡུད་ཙམ་ཅེར་རྗེས། ཆུང་དུས་འདྲིས་ཤིང་ད་བར་རྒྱང་དུ་གནས་པའི་མི་དག་སེམས་སུ་འཁོར་ཞིང་། བར་སྐབས་ནས་འདྲིས་ཤིང་བྲལ་སོང་བའི་མི་རྣམས་ཡིད་ལ་དྲན། ངས་ལྷན་འཛོམས་ཡོང་བར་ཤོག་ཅེས་པའི་ཚིག་འདི་ལན་མང་བརྗོད་མྱོང་ལ། འཛོམས་ནས་སླར་མི་བྲལ་བར་ཤོག་ཅེས་སྨོན་ལམ་ཡང་མང་དུ་བཏབ་མྱོང་།
ས་རུབ་ཐེངས་རེར། ཨ་གསར་མེད་པའི་གྲོགས་པོ་དང་རང་དང་གློ་ཉེ་བ་རྣམས། ཡང་ན། ཁྲེལ་གཞུང་དང་ཕྱི་ཐག་གི་མདུད་པ་དམ་པོར་སྦྲེལ་བའི་ཡུན་འདྲིས་ཀྱི་མི་རྣམས་དང་ལྷན་དུ་གཤིབ་པའི་དུས་ཚོད་རེ་རེ་དགའ་སྤྲོས་སྐྱེལ་དགོས་སྙམ་ཞིང་། དུས་ཚོད་དེ་དག་ལའང་གཅེས་སྤྲས་བྱས་ཏེ་ཅིས་ཀྱང་ཕངས་མེད་དུ་གཏོང་མི་རུང་སྙམ།
ས་རུབ་ཐེངས་རེར། འདི་ལྟར་ཉིན་དང་། ཟླ་བ། ལོ་ཟླ་མང་པོ་ཆུ་བོ་བཞིན་བར་མཚམས་མེད་པར་བཞུར་འགྲོ་བའི་ཚུལ་དེ་བསམ་ཚེ། ད་ནི་ལང་ཚོ་འཕྲོ་བརླག་ཏུ་མ་བཏང་བར། ཚད་ཡོད་ཀྱི་མི་ཚེར་དོན་སྙིང་ལྡན་པའི་བྱ་བ་འགའ་རེ་སྒྲུབ་དགོས་ཨང་སྙམ་བྱུང་།