དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • དུས་ཚོད།

    གློག་འོད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-02-03

    ཉི་མའི་འཆར་ནུབ་རེ་རེ་ལ་ཁ་གཏད་དེ། སྒོ་རྩར་ཙོག་པུར་སྡོད་དུས། དུས་ཚོད་ནི་ངའི་མདུན་དུ་བར་མེད་དུ་བཞུར་བཞིན་པའི་ཆུ་བོ་དེ་དང་འདྲ། ཕྱིར་བལྟས་དང་ངང་སྒུག་ཅི་ཡང་མེད་པར། འཁྱེར་དགོས་པ་མཐའ་དག་ཁྱེར་ནས། གོ་རིམ་ལྟར་ལྷིང་འཇགས་ཀྱི་ཁྲོད་དུ་བཞུད།

    ནམ་ཟླ་རིམ་བཞིན་ཕར་འདས་རྗེས། མི་ཡུལ་གྱི་ཉམས་དགའ་བའི་མེ་ཏོག་དག་ཀྱང་རིམ་གྱིས་རྙིད། དལ་གྱིས་ཟད་བཞིན་པའི་མི་ཚེ་འདི་ཡང་ཕྱིར་ནུར་སྤུ་ཙམ་མེད་པར། རླུང་ཁའི་སྡོང་ལོ་བཞིན། རང་ཉིད་དང་ཆེས་བར་ཐག་རིང་ས་དེར་འཁྱེར་བཞིན་འདུག

    ཉི་མ་རེ་རེ་བཞིན། དུས་ཚོད་འཁོར་ལོ་དང་བསྟུན་ཏེ། བསངས་ཤིང་གི་ནགས་ཀློང་འདིར་བརྒལ་ནས། ནུབ་ལ་ཉེ་བའི་འོད་ཀྱི་ཉག་མ་དག་བསྡུ་གསོག་བྱེད་ཐེངས་རེ་ལ། ནམ་ཞིག་ཤུར་སྒྲ་དབེན་པའི་བསེར་བུ་ཞིག་དང་མཉམ་དུ། འུ་ཚོ་ཡུལ་གཞན་ཞིག་ལ་འགྲོ་དགོས་པའི་སྔོན་ཚུད་ཀྱི་བརྡ་བཏང་བྱུང་། འདི་ལྟར། བྲེལ་བྲེལ་འཚུབ་འཚུབ་ཀྱི་ཁྲོད་དུ། དུས་ཚོད་ཀྱིས་ང་ཚོ་ལ་འགྲོ་མཚམས་འཇོག་པའི་རང་དབང་སྟེར་མི་སྲིད་པས། ཐུན་མོང་ལ་བཞག་པའི་ཆེས་མཐའ་མའི་ས་ཚུགས་དེར། སྐབས་རེར་དེད་ཅིང་ལན་རེར་དྲུད་ནས་ཆས་འགྲོ་ཨང་།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།