གཙང་ཤོག་ཚོང་མཁན་གྱི་ཕོ་གཞོན།
བྱམས་པ།
ཞོགས་པའི་ཉི་ཟེར་མཐོ་སྒང་གི་རླུང་དང་འགྲོགས་ཏེ་ས་གཞིའི་ཕང་བར་རིམ་གྱིས་འཁྱིལ་ཞིང་། གྲོང་དང་སྲང་ལམ་ཡོད་ཚད་དུ་མི་རྣམས་ཀྱིས་རྐང་རྗེས་སྣ་ཚོགས་རི་མོར་འབེབས་པར་བྲེལ།
དགོན་འདབས་ཀྱི་ཇ་ཁང་འདི་རུའང་མི་ཚོགས་ཀྱི་གྲོག་ཚང་བརྡོལ་ཏེ། ཕལ་ཆེར་སུ་ཞིག་གིས་གསོལ་རས་གནང་བ་ཇི་བཞིན་མགོ་ཐར་དཔུང་ཐར་རེད། གྲོང་ཁྱེར་འདིར་མཚོན་ན། ཇ་ཁང་ནི་མཚན་མོའི་སྐར་ཚོགས་ཀྱི་དོ་ཟླར་འགྲན་མ་ནུས་ཀྱང་། ཕལ་ཆེར་གྲངས་ཀ་བརྒྱབ་ཚོད་མེད་པ་ལྟ་བུ་ཡོད་པ་ནི་སྨྲ་མི་དགོས་པ་ཞིག་རེད། འོན་ཏེ། དགོན་འདབས་ཀྱི་ཇ་ཁང་འདི་ལྟ་བུ་ནི་མཛུབ་རྩེར་བགྲངས་ན་མི་ཆོག་པ་མེད། དེ་ཡང་། ཇ་ཁང་འདིའི་ནང་གི་སྐྱེ་བོ་མང་ཆེ་བ་ནི་རྒན་རྒོན་ཡིན་པས། དེ་དག་ནི་དགོན་པའི་འདབས་ཀྱི་མ་བོས་མགྲོན་པོ་ཤ་སྟག་རེད།
ནམ་རྒྱུན་སློབ་ཁྲིད་ཀྱི་བྱ་བའི་བྲེལ་འཚུབ་ཀྱིས་རྐྱེན་པས་གོམ་ཁ་སྤོ་མ་མྱོང་ཡང་། གཟའ་མཇུག་སྐབས་སུ་རྨོ་བོ་ལགས་ཁྲིད་དེ་ཇ་ཁང་འདིར་གོམ་ཁ་སྒྱུར་དགོས་པ་ནི་ངའི་འཆར་ཅན་གྱི་བྱ་བ་ཞིག་ཏུ་གྱུར། ང་རང་ཡང་རྒྱུན་དུ་རྒན་རྒོན་ཚོ་དང་མཉམ་དུ་བསྡད་དེ་ཁ་བརྡ་གློད་པར་དགའ་ཞིང་། ཁོང་རྣམ་པའི་ཕེབས་ཟིན་པའི་ལམ་དང་། དེ་དག་གི་གཏམ་རྒྱུད་ལ་ཉན་པར་དེ་བས་སྤྲོ།
དུས་ཚོད་ཀྱིས་ཙག་ཤད་འཐེན་པའི་བཞིན་རས་དག་ད་ནི་དཀར་ལ་དམར་མདངས་ཆགས་པ་ཞིག་མ་ཡིན་ཡང་། ལོ་ཟླའི་སྒྲུང་རིང་འཁོད་པའི་རྒས་གཉེར་དག་ལས། མི་ཡུལ་འདིར་གཟིགས་མོ་ཐུགས་ཡིད་ཚིམ་པ་ཞིག་གཟིགས་མྱོང་ཞེས་གསུངས་པ་དང་ཨ་ན་མ་ན་རེད།
བྱམས་བརྩེའི་འཛུམ་མདངས་དག་གསོལ་ཇའི་མངར་ཁ་དང་བསྡོངས་ཏེ་ཇ་ཁང་འདིའི་མཁའ་དབུགས་དང་ཡོངས་སུ་འདྲེས། གློ་བུར་དུ་རྨོ་བོ་ལགས་ཤིག་གིས། “ང་ལ་གཙང་ཤོག་ཅིག་ཚོངས་དང་། ནོར་བཟང”ཞེས་གསུངས་པར། ངས་སུ་ཡིན་མ་ཤེས་པར་ལན་ཅིག་ལྟ་བར་ཐལ། མི་ཚོགས་ཀྱི་དཀྱིལ་དུ་ལྟོ་ཕད་ཆེན་པོ་ཁྱེར་བའི་སྐྱེས་པ་ཞིག་འདུག་པར་དེར་གསུངས་པ་གཞི་ནས་རྟོགས།
སྐྱེས་པ་དེ་ཕལ་ཆེར་ལོ་སུམ་ཅུ་ཡས་མས་ཤིག་ཡིན་ཚོད་འདུག་ཅིང་། མི་དེ་ཡུལ་དུས་གང་རུང་ཞིག་ལ་ངའི་དྲན་འཛིན་གྱི་མེ་ལོང་ངོས་སུ་འཆར་མྱོང་ཡོད་སྲིད་ཀྱང་། ངས་དེ་ཙམ་གྱི་སྣང་འཇོག་བྱས་མ་མྱོང་བ་ནི། གྲོང་ཁྱེར་འདིར་ཁོ་པ་དང་འདྲ་བར་ཉི་ཚེ་བའི་འཚོ་ཐབས་ལ་འབད་མཁན་བགྲང་ལས་འདས་པ་ཡོད་པས་ཡིན།
སྨུག་མདངས་ཆགས་པའི་བཞིན་མདོག་དང་། ནག་རྫོབ་ཆེ་བའི་སྨ་ར། དེ་ཙམ་ཆེན་པོ་མེད་པའི་གཟུགས་པོའི་སྟེང་ལྗིད་ཆེ་བའི་ལྟོ་ཕད་ཅིག་འཁྱེར་བ་ནི། ཁོ་པའི་ཡོད་ཚད་ཡིན་པའི་སྣང་བ་ཞིག་སྟེར་ཞིང་། རིང་ལ་གྲལ་མི་མཉམ་པའི་མགོ་སྐྱེས་ཀྱི་སྐྲ་ལོ་ལས། ཞོགས་པ་བྱི་དོར་དེ་ཙམ་ལེགས་པོ་མ་བྱུང་བའི་སྣང་བ་ཞིག་ཀྱང་འབྱིན་འོང་། ཡ་རབས་ཤིང་གཉོམ་ཆུང་ལ། རྒན་རྒོན་རྣམས་དང་འདྲིས་ཆེ་བའི་ཁོའི་བྱ་སྤྱོད་ལས། ངས་དེ་ལྟར་ཁོ་པར་བསྐྱར་དུ་ཞིབ་ལྟ་ཞིག་བྱེད་པར་ཐལ།
མི་ཚོགས་ཟང་ཟིང་ཆེ་ཡང་ཁོ་པས་གོམ་སྟབས་མགྱོགས་པོས་ཅོག་ཙེ་རེ་རེའི་སྟེང་དུ་གཙང་ཤོག་ཁུག་མ་རེ་གཉིས་དེ་མུར་བྱང་ཆ་ལྡན་པའི་ངང་ཕབ་སོང་། ལ་ལས་ཁ་སང་ཉོས་པ་དེ་ད་དུང་རྫོགས་མེད་ཅེས་ཟེར་བ་དང་། ལ་ལས་རིན་གོང་ཙམ་ཡང་མ་དྲིས་པར་དེ་མུར་རང་གི་ཁུག་མ་ནས་སྒོར་གཉིས་རེ་བཏོན། ཡང་འགའ་རེས་སྒོར་སིལ་མ་མི་འདུག་ཅེས་ལབ་པར། སྐྱེས་པ་དེས་དགོད་ཙམ་བྱས་ནས་ན་རེ། སྒོར་མོ་རེ་གཉིས་ལ་སྣང་བ་གཏོང་རིན་མེད། དེ་རིང་ངས་ཁྱེད་ལ་རིན་མི་དགོས་པར་ཕུལ་ཆོག་ཅེས་ལབ། ཁོ་པའི་སྐད་ཆ་དེ་ཐོས་འཕྲལ་ངས་དེ་ནི་མི་གཞན་དང་འབྲེལ་འདྲིས་བྱེད་ཐབས་བཟང་པོ་ཞིག་རེད་སྙམ་ཞིང་། ཁོ་པ་རྒྱུ་འབྱོར་ལ་ཐོགས་པ་མེད་པ་ཞིག་མིན་ཡང་། དེ་ལྟ་བུའི་བྱ་སྤྱོད་ལས་ཁོ་པ་ནི་སེམས་རྩ་འཁོལ་བའི་མི་ཞིག་ཡིན་པ་རྟོགས་ཐུབ་སྙམ།
གོ་ཐོས་སུ་ཁོ་པའི་ཁྱིམ་དུ་ཨ་མ་རྒན་མོ་ཞིག་ཡོད་པ་དང་། ན་ནས་ལོ་མང་སོང་ཞིང་མཐར་རིག་པས་མ་ཟིན་པར། སྐབས་རེ་ཁྲོམ་སྲང་དུ་གཅིག་པུར་ཡར་རྒྱུག་མར་རྒྱུག་བྱེད་པ་དང་། སྐབས་རེ་ཁུག་ཀྱོག་ཅིག་ཏུ་ཁྱི་དང་མཉམ་དུ་ཉལ་ནས་སྡོད་བཞིན་ཡོད་ཚུལ་གླེང་། དེ་ལྟར་མི་ཚོགས་ཀྱི་ཁྲོད་དུ་འགྲོ་འདུག་གང་ལའང་ཚོད་འཛིན་མེད་པ་ལྟར་གྱུར་པས། ཀུན་གྱིས་མོ་སྨྱོ་བ་རེད་ཅེས་བརྗོད། ཁྱིམ་གྱི་འཁོས་ཀ་ཞན་ཐོག ལོ་མང་རིང་མ་རྒན་མོའི་སྙུན་གཞིར་དྲག་སྐྱེད་གང་ཡང་མ་བྱུང་སྟབས། མུ་གེའི་སྟེང་ལ་ཟླ་ལྷག་ཅེས་པ་བཞིན། ཁོ་པའི་ཕྲག་ཐོག་གི་ཁུར་པོ་དེ་བས་ཇེ་ལྕིར་ཕྱིན།
འཚོ་བའི་དཀའ་སྡུག་ཇི་ཙམ་ཆེ་རུང་། མ་རྒན་མོའི་དྲན་པ་ཇེ་མོག་ཏུ་སོང་ཡང་། ཁོ་པས་མ་རྒན་མོར་སྔར་བས་དུང་སེམས་ཆེན་པོ་བཅངས་ཏེ། ཉིན་མོ་ཇ་ཁང་དང་ཟ་ཁང་དུ་གཙང་ཤོག་ཚོང་བར་བསྐྱོད་དེ་ཡོང་འབབ་གསོག་ཐབས་བྱེད་པ་དང་། མཚན་མོར་རང་བདག་མིན་པའི་ཁང་ཆུང་དེར། ལྕགས་ཐབ་ཀྱི་མེ་ཁ་གསོས་ཏེ་མ་རྒན་མོར་ཁྱིམ་གྱི་དྲོད་སྣང་སྦྱིན་པར་བྱེད།
“ནོར་བཟང་གི་ཨ་མ་ཚེ་ལས་འདས་པ་རེད” ཁ་གཏད་དུ་བཞུགས་པའི་རྨོ་བོ་ལགས་ཤིག་གིས་ཡ་ང་བའི་རྣམ་འགྱུར་ཞིག་སྟོན་བཞིན་འདི་ལྟར་གསུངས། ཁོ་པའི་མ་རྒན་ལོ་གཉིས་གསུམ་ཙམ་གྱི་གོང་ལ་རླངས་འཁོར་ཞིག་གིས་བརྫིས་ཏེ་ཚེ་ལས་འདས་པ་དང་། ཁོ་པས་མ་རྒན་མོའི་རྗེས་འཇུག་ལེགས་པར་བསྒྲུབས་ཚུལ་བརྗོད།
སྒེའུ་ཁུང་གི་ཕྱི་རོལ་དུ་གྲང་རླུང་འུར་འུར་དུ་ལྡང་ཞིང་། ལམ་འགྲམ་གྱི་ལྗོན་པ་རེངས་པོ་དག་ཡ་ཡོར་དུ་གཡོ། ཤིང་ལོ་སེར་པོ་དག་ཀྱང་དུས་ཚིགས་ཀྱི་མནར་གཅོད་ལ་མ་བཟོད་པར་སྒྱུ་མའི་གར་ལ་རོལ།
ཁོ་པས་ལྟོ་ཕད་ཆེན་པོ་ཞིག་སྒལ་པར་ཁྱེར་ཏེ་སྒོ་ཕྱིར་དོན་རྩིས་བྱེད་སྐབས། “ནོར་བཟང་། རང་གིས་གང་མགྱོགས་ཡིད་འཕྲོག་ཅིག་ཁྲིད་ཤོག་ཨང”ཞེས་གློ་བུར་དུ་མི་ཞིག་གིས་ཀུ་རེའི་ཚུལ་དུ་འདི་ལྟར་བརྗོད་པར། ཁོ་པས་ཅུང་སྐྱེངས་པའི་ཚུལ་གྱིས་འཛུམ་ཙམ་བྱས་ཏེ་སྒོ་ཕྱིར་དོན་སོང་། ཁོ་པའི་རྟབ་རྟབ་ཀྱི་གོམ་སྟབས་དང་བྲེལ་འཚུབ་ཆེ་བའི་རྒྱབ་གཟུགས་དེ་ཡུད་ཙམ་ཞིག་ལ་མི་ཚོགས་ཀྱི་ཁྲོད་ནས་མི་སྣང་བར་གྱུར་ཀྱང་། ཁོའི་བཅོས་མིན་གྱི་འཛུམ་མདངས་དེ་ད་དུང་ཡང་གཏམ་རྒྱུད་དང་འདྲེས་ཏེ་མི་རྣམས་ཀྱིས་ཡང་ཡང་གླེང་བཞིན་འདུག