དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • སྤུན་ཟླ་ཚོ། ང་ཚོ་མཉམ་དུ་ཡོད།

    དཔལ་ལྡན་ལྷུན་གྲུབ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-01-26

    རང་བྱུང་འཇིགས་པའི་གཤེད་མ་སྟེ། །

    རང་བྱུང་ས་ཡོམ་འཚེ་བ་ཡིས། །

    རང་ཡུལ་ཁང་ཁྱིམ་མི་ཕྱུགས་སོགས། །

    རང་ཁྱིམ་དྲོན་མོར་བརྡབ་གསིག་བཟོས། །

    འཇིགས་ཤིང་དངངས་པའི་ཡོམ་ཆེན་དེས། །

    སྙིང་ཁམས་འཇིག་རྟེན་ལན་མང་དཀྲུགས། །

    འདང་ཅན་སྤུན་གྱི་སེམས་པ་གཙེས། །

    སྤུན་ཟླ་ཁག་གི་མིད་པ་འཆུས། །

    གློ་བུར་ཐོན་པའི་གནོད་འཚེ་ཡིས། །

    མི་དང་ཕྱུགས་རིགས་གྲངས་མེད་ཀྱི། །

    སྲོག་གི་དབང་པོ་བཅོམ་པ་ལས། །

    ཕྱོཊ་བཞི་མཚམས་བརྒྱད་གདུང་བས་མནར། །

    ས་རྡོ་འཛིང་བའི་རྡུལ་རླུང་ཁྲོད། །

    འཇིག་རྟེན་སྐྱི་གཡའི་སྨྲེ་སྔགས་ལྷན། །

    སྣ་མང་འཁུན་སྒྲའི་བྲག་ཅ་ཡིས། །

    ལ་སྟོད་ཡུལ་གྱི་ནམ་མཁའ་གཡོས། །

    འབྱུང་བའི་གེགས་བར་རྩུབ་ན་ཡང་། །

    མི་ཡུལ་དྲོན་མོ་འོད་ཀྱིས་བཀང་། །

    གནས་སྐབས་སྡུག་གིས་མནར་ན་ཡང་། །

    མཐའ་མར་རྣམ་པར་རྒྱལ་ངེས་ལགས། །

    གོང་རིམ་དབུ་ཁྲིད་བཟང་དང་གཅིག །

    སྤུན་ཟླའི་རོགས་སྐྱོར་ཡག་དང་གཉིས། །

    དམངས་སེམས་བརྩེ་བ་ཟབ་དང་གསུམ། །

    ཡོམ་འགོག་གེགས་སེལ་ནོར་བུ་ཡིན། །

    ཡང་དག་སྲིད་བཟང་ཉིན་བྱེད་འཛུམ། །

    ཀུན་ལ་སྙོམས་པའི་འོད་སྣང་གིས། །

    འཕྲལ་མར་རོགས་སྐྱོབ་དངོས་རྫས་གནང་། །

    དགུན་ཁ་གྲང་མོར་དྲོད་ཁོལ་བསྩལ། །

    ས་རྒྱང་ཆོད་པའི་ཡུལ་ལུང་དང་། །

    མིག་མདུན་གྲོང་པའི་རོགས་རམ་འོག །

    ས་ཡོམ་བར་ཆད་འབྱུང་ཡུལ་དུ། །

    གེགས་སེལ་དཔུང་ཁག་སྟོབས་ཤུགས་ཆེ། །

    ཞལ་འདེབས་དངུལ་གྱི་རོགས་སྐྱོར་དང་། །

    སྣ་མང་ཟོག་གི་རྒྱབ་སྐྱོར་འོག །

    གནས་སྐབས་གདུང་བས་མནར་གྱུར་ཡང་། །

    སྐྱིད་པའི་ཉི་མ་འཆར་ལ་ཉེ། །

    སེམས་པ་མ་སྐྱོ་ང་ཡི་སྤུན། །

    ཡིད་ཐང་མ་ཆད་རིགས་ཀྱི་བུ། །

    ཁྱེད་ལ་འཕྲད་པའི་དཀའ་ཁག་དག །

    ཕྱོགས་བཞིའི་སྤུན་ཟླས་སེལ་རོགས་བྱེད། །

    ས་དང་རྡུལ་གྱི་བརྙས་བཅོས་དང་། །

    རླུང་དང་སྡུག་བསྔལ་འཛིང་ན་ཡང་། །

    ང་ཚོ་ནམ་ཡང་མཉམ་དུ་ཡོད། །

    སེམས་པ་མ་སྐྱོ་རིག་པ་སྒྲིམས། །

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།