དབུ་ཤོག>བོད་ཀྱི་རིག་གནས།>བོད་རིག་པ།
  • རྒྱ་བོད་གསར་འགྱུར་ཡིག་སྒྱུར་སྐབས་དོ་སྣང་བྱེད་དགོས་པའི་གནད་འགའ་གླེང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-01-15

    དེང་གི་ཆར། གསར་འགྱུར་ཡིག་སྒྱུར་ལས་དོན་འདི་ཉིད་ཆ་འཕྲིན་སྤེལ་རེས་བྱེད་པའི་འབྲེལ་ཟམ་གལ་ཆེན་ཞིག་ཏུ་གྱུར་ཞིང་། གསར་འགྱུར་ཡིག་སྒྱུར་གྱིས་གཞི་རིམ་གྱི་སྤྱི་ཚོགས་ཞི་མཐུན་གོང་འཕེལ་ལ་ནུས་པ་གལ་ཆེན་ཐོན་པ་དང་། མི་རིགས་ཁག་དབར་སྔོན་ཐོན་ཚན་རྩལ་བརྒྱུད་སྤེལ་དང་སྤྱི་ཚོགས་ཀྱི་ཤེས་དཔལ་དར་སྤེལ་གཏོང་བའི་འགན་འཁྲི་འགངས་ཆེན་ཕྲག་ཐོག་ཏུ་འཁུར་བཞིན་ཡོད། འོན་ཀྱང་། གསར་འགྱུར་ཡིག་སྒྱུར་ལག་ལེན་དངོས་བསྟར་བའི་ཁྲོད། བསྒྱུར་བྱའི་གསར་འགྱུར་གྱི་རིན་ཐང་གསལ་པོ་མངོན་མི་ཐུབ་པ་དང་། འགྱུར་ཡིག་མང་ཚོགས་ཀྱི་འཚོ་བ་དངོས་དང་ཐག་རིང་བ། ལོ་ཙཱའི་མཉེན་ཆས་འདྲ་མིན་ལ་བརྟེན་དྲགས་ནས་འགྱུར་སྣ་མང་པོ་ཐོན་པ་སོགས་ཀྱི་སྣང་ཚུལ་ཐོན་དང་འཐོན་བཞིན་ཡོད། དེས་ན། རྩོམ་འདིར། སྣང་ཚུལ་འདི་རིགས་ལ་གཞིགས་ནས་རང་གི་མྱོང་བ་ཕྲན་བུ་གླེང་བར་བྱའོ།

    དང་པོ། འགྱུར་བྱའི་གསར་འགྱུར་གྱི་རིན་ཐང་ལེན་ཕྱོགས་མི་འཛོལ་བ་བྱེད་དགོས།

    གསར་འགྱུར་ཡིག་སྒྱུར་དང་སྙན་སྒྲོན་ནི། རིན་ཐང་ཡོད་པའི་ཆ་འཕྲིན་དག་གང་མགྱོགས་ཡིག་སྒྱུར་ལ་བརྟེན་ནས་དམངས་ལ་བརྒྱུད་བསྒྲགས་བྱེད་པའི་ཐབས་ལམ་ཞིག་ཡིན་ཞིང་། བོད་ཡིག་གསར་འགྱུར་སྨྱན་སྦྱོར་ལས་སྟེགས་ཤིག་ཡིན་པའི་ངོས་ནས། དེར་ཁྱབ་ཆེ་བའི་ཁྱད་ཆོས་ལྡན་གཤིས། རྒྱ་བོད་ཡིག་སྒྱུར་ལས་སྒོར་ཡང་རེ་བ་སྔར་བས་མཐོ་བ་བཏོན་ཡོད། གསར་འགྱུར་ཡིག་སྒྱུར་བ་ཞིག་གི་ངོས་ནས། གསར་འགྱུར་ཡིག་སྒྱུར་གྱི་བྱང་ཚད་དང་ཉམས་མྱོང་ངེས་ཅན་འཛོམ་དགོས་པའི་ཁར། འགྱུར་བྱ་གསར་འགྱུར་བརྩམས་བྱ་གང་དེའི་རིན་ཐང་ལེན་ཕྱོགས་ལ་བྱང་ཆ་ལྡན་པ་ཞིག་དགོས། གསར་འགྱུར་རྩོམ་ཡིག་ཡིག་སྒྱུར་བྱེད་པའི་བརྒྱུད་རིམ་ཁྲོད། ངེས་པར་དུ་སྔོན་ལ་གསར་འགྱུར་རྩོམ་ཡིག་གི་ཁོར་ཡུག་གམ་རིག་གནས་རྒྱབ་ལྗོངས་ལ་བསམ་གཞིག་བྱེད་པར་སྣང་ཆེན་བྱེད་དགོས་པ་མ་ཟད། རྩོམ་པ་པོ་གང་དེའི་རྩོམ་གཤིས་སམ་རིན་ཐང་མཚོན་ཕྱོགས་ལའང་དོ་ཁུར་བྱེད་དགོས། འདི་ལྟར་མ་བྱས་ཚེ། ཡིག་སྒྱུར་བྱེད་སྐབས་གསར་འགྱུར་གྱི་རིན་ཐང་ལེན་ཕྱོགས་འཛོལ་ནས་གསར་འགྱུར་གྱི་ནང་དོན་དངོས་དམངས་ལ་བརྒྱུད་བསྒྲགས་ཡག་པོ་ཞིག་བྱེད་མི་ཐུབ། རྒྱ་བོད་ཡིག་སྒྱུར་ལག་ལེན་བསྟར་བའི་ཁྲོད། སྒྱུར་པ་པོས་སྔོན་ལ་གསར་འགྱུར་མ་ཡིག་གི་སྤྱི་ཁོག་ལ་རྒྱུས་ལོན་ཡག་པོ་བྱས་རྗེས། དེ་ནས་བུ་ཡིག་ལ་ངང་རྒྱུད་རིང་པོས་ཞུ་དག་ཞིབ་ཚགས་པོ་གཏོང་དགོས། དུས་མཚུངས། གསར་དུ་ཐོན་པའི་བརྡ་ཆད་དང་ཐ་སྙད་ལ་གཙོ་གནད་དུ་ཞིབ་བསྡུར་བྱས་ནས་བཀས་བཅད་ལྟར་ཡང་ནས་ཡང་དུ་བཟོ་བཅོས་བརྒྱབ་སྟེ། བཀས་བཅད་ལ་བལྟོས་ནས་ཚད་དང་མི་མཐུན་པ་དང་གཅིག་གྱུར་མིན་པའི་སྣང་ཚུལ་ཡང་དག་པར་བཅོས་ཐོག གོ་བདེ་ལ་རྟོགས་སླ་བ་དང་། དུས་འགྱངས་མེད་པ་སོགས་ཀྱི་གསར་འགྱུར་གྱི་རིན་ཐང་སྔོག་འདོན་ཡག་པོ་བྱེད་དགོས། འདི་ལྟར་བྱུང་ཚེ། གསར་འགྱུར་ཡིག་སྒྱུར་བྱ་གཞག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཐུབ།

    གཉིས་པ། འགྱུར་ཡིག་མང་ཚོགས་ཀྱི་འཚོ་བ་དངོས་དང་མཐུན་དགོས།

    དེང་གི་ཆར། ཆ་འཕྲིན་ཆར་ཤུལ་གྱི་ཤ་མོ་བརྡོལ་བ་བཞིན་མང་ཞིང་། ཤེས་བྱ་བརྗེ་སྒྱུར་མྱུར་བ། འཕྲིན་སྟེགས་མང་བ། འགྱུར་གྱི་ནང་དོན་མང་ཉུང་མི་འདྲ་བ་སོགས་སྣ་ཚོགས་པ་ཡོད། ལྷག་དོན་དུ། སྨྱན་སྦྱོར་གསར་པའི་རིགས་དར་རྒྱས་ཤིན་ཏུ་ཆེ་ཞིང་། ཆ་འཕྲིན་བསྡུ་ལེན་གྱི་དུད་སྣེ་མང་ཚོགས་དང་བར་ཐག་ཧ་ཅང་ཉེ་སྟབས། གསར་འགྱུར་ཡིག་སྒྱུར་ལས་དོན་པར་བཏོན་པའི་རེ་བ་སྔར་བས་མཐོ་རུ་སོང་ཡོད། དེས་ན། འགྱུར་ཡིག་གི་ནང་དོན་མང་ཚོགས་ཀྱིས་གོ་བདེ་བ་དང་རྟོགས་སླ་བ་བྱ་རྒྱུ་འདི་ནི་དགོས་གལ་ཤིན་ཏུ་ཆེ་བས། གསར་འགྱུར་ཡིག་སྒྱུར་བྱ་བར་ཞུགས་མཁན་ཚོས་མ་ཡིག་ལ་གོ་བ་ཡག་པོ་བླངས་ཐོག བུ་ཡིག་ཐོག་ནས་མཚོན་པའི་བོད་སྐད་ཡིག་གི་ཤེས་བྱར་བྱང་ཆ་ངེས་ཅན་ལྡན་དགོས་པ་སྟེ། གཅིག་ནས་མང་ཚོགས་ཀྱི་སྐད་ཆར་ཉམས་ཞིབ་ཡག་པོ་བྱེད་པའི་ཁར། འགྱུར་ཡིག་གི་ནང་དོན་ཁ་གསལ་ཞིང་དོན་བསྡུས་པ་དང་། མང་ཚོགས་ཀྱི་འཚོ་བ་དངོས་དང་བསྟུན་གང་ཐུབ་བཅས་བྱེད་དགོས། དཔེར་ན། བརྡ་ཆད་གསར་པ“网红打卡地”ལྟ་བུ་ཡིག་སྒྱུར་བྱེད་སྐབས། མ་གཞི་བཀས་བཅད་ལྟར་སྒྱུར་དགོས་མོད། འོན་ཀྱང་། གསར་འགྱུར་ནང“དྲ་གྲགས་མི་སྣའི་མཛེས་ལྗོངས་པར་ལེན་བྱེད་ས”ཞེས་པར་བསྒྱུར་ན། མང་ཚོགས་ཀྱིས་གོ་བདེའོ་སྙམ། གསར་འགྱུར་ལ་ཆ་འཕྲིན་གསར་པ་འཕྲལ་མར་བརྒྱུད་སྤྲོད་བྱེད་པའི་མྱུར་བའི་རང་བཞིན་ལྡན་པས། གསར་འགྱུར་ཡིག་སྒྱུར་གང་དེའི་འགྱུར་ཡིག་མང་ཚོགས་ཀྱི་འཚོ་བ་དངོས་དང་ཐག་གང་ཉེ་བྱེད་དགོས་པ་སྟེ། ལོ་ཙཱ་བས་མ་ཡིག་གི་ནང་དོན་ལ་གོ་བ་དཔྱིས་ཕྱིན་པ་ལོན་པའི་རྨང་གཞིའི་ཐོག བསྒྱུར་བྱའི་ནང་དོན་དེ་ཉིད་མང་ཚོགས་ཀྱིས་གོ་བདེ་བ་ཞིག་བྱུང་ཚེ། ད་གཟོད་གསར་འགྱུར་གྱི་བརྒྱུད་བསྒྲགས་རིན་ཐང་གང་ལེགས་མངོན་ཐུབ་རྒྱུ་ནི་སྨོས་མི་དགོས།

    གསུམ་པ། ཡིག་སྒྱུར་མཉེན་ཆས་ལ་བརྟེན་དྲགས་པའི་དབང་གིས་འགྱུར་ཡིག་གཅིག་གྱུར་མེད་པའི་གནས་ཚུལ་སྔོན་འགོག་བྱེད་དགོས།

    དེང་གི་ཆར། ཚན་རྩལ་ཡར་ངོའི་ཟླ་ལྟར་ཉིན་རེ་བཞིན་འཕེལ་རྒྱས་འགྲོ་བཞིན་ཡོད་པའི་ཁར། 5Gདྲ་རྒྱའི་དུས་རབས་ཤར་བས། ཕྱོགས་ངེས་ཅན་ཞིག་ནས་བཤད་ན། ཚན་རྩལ་ཐོན་རྫས་སྣ་ཚོགས་ཀྱིས་མིའི་ངལ་ནུས་ལ་བཅིངས་འགྲོལ་དང་གང་སར་སྟབས་བདེ་བསྐྲུན་ཐུབ་པ་ནི་ཀུན་གྱི་མཐོང་ཆོས་སུ་གྱུར། ཡིག་སྒྱུར་བྱ་གཞག་ཁྱབ་ཁོངས་སུའང་ཡིག་སྒྱུར་མཉེན་ཆས་སྣ་ཚོགས་ཐོན་དང་ཐོན་མུས་ལགས་པས། དེས་ལོ་ཙཱ་བ་ཚོའི་ལས་ཀའི་གནོན་ཤུགས་ཆུང་དུ་གཏོང་བ་དང་། རྒྱ་བོད་ཡིག་སྒྱུར་ལས་ཀར་སྟབས་བདེ་སྐྲུན་བཞིན་ཡོད། དཔེར་ན། སྐད་འཕྲིན་གྱི་ལས་རིམ་ཆུང་ངུའི་ནང་བཅུག་པའི་བོད་རྒྱ་ཡིག་སྒྱུར་གྱི་མཉེན་ཆས“ན་རོ་ཚིག་མཛོད”ཅེས་པ་དང་། ཐོན་མ་ཐག་པའི་པཎྜི་ཏ་ཡིག་སྒྱུར་ཞེས་པ་སོགས་ཧ་ཅང་མང་། འོན་ཏེ། མཉེན་ཆས་ནི་མཉེན་ཆས་ཏེ། དེས་ཆེད་ལས་བརྡ་ཆད་དང་རྒྱུན་སྤྱོད་བརྗོད་ཚིག་གང་བདེར་སྒྱུར་ཐུབ་མོད། ཚིག་རྒྱན་སྤྲོས་ལུགས་དང་བརྗོད་པ་བཟོ་སྟངས། གཏན་ཚིགས་སྔ་ཕྱི་སོགས་ཀྱི་ཐད་ད་དུང་མི་འདང་བའི་ཆ་མང་བས། འགྱུར་ཡིག་རྙོག་འཛིང་ཆེ་བ་དང་། ཚིག་སྔ་ཕྱི་གཏན་ཚིགས་འགལ་བ་སོགས་ཀྱི་གནད་དོན་ལྷག་པའི་རྐྱེན་གྱིས། འགྱུར་ཡིག་ཚད་ལྡན་ལ་བལྟོས་ན། མི་དག་པའི་ཆ་མངོན་གསལ་དོད། དཔེར་ན། གཡག་ཞ་བས་རྩྭ་བཟས་ཞེས་པ་ལྟ་བུ་མཉེན་ཆས་ལ་བརྟེན་ནས་བསྒྱུར་ཚེ། “牦牛吃草”ཞེས་ཐོན་འོང་། ད་དུང་། “望盼人间,岁岁丰收好光景” ཞེས་པ་ཡིག་སྒྱུར་མཉེན་ཆས་ལ་བརྟེན་ནས་བསྒྱུར་ཚེ། “མི་ཡུལ་བལྟས་ན། ལོ་ལེགས་ལ་ལོ་ལེགས་བྱུང”ཞེས་བསྒྱུར་འོང་བས། ཡིག་སྒྱུར་མཉེན་ཆས་ལ་བརྟེན་དྲགས་རྒྱུ་མེད། ལྷག་པར་དུ། མཉེན་ཆས་སྤྱད་དེ་རྒྱ་བོད་ཡིག་སྒྱུར་བྱེད་སྐབས། འགྱུར་ཡིག་གི་ནང་དོན་ལ་ཞུ་དག་ཡག་པོ་མ་བྱུང་ཚེ། བོད་ཡིག་ནང་ཐོན་པའི་བྱ་བྱེད་ལས་གསུམ་དང་སྐུལ་ཚིག་སོགས་རྒྱ་སྐད་ཀྱི་འགྲོ་སྟངས་ཇི་བཞིན་བསྒྱུར་འོང་བས། བོད་ཡིག་གི་བརྡ་སྤྲོད་དང་གཏན་ནས་མཐུན་གྱི་མེད།

    མདོར་ན། གསར་འགྱུར་ཡིག་སྒྱུར་འདི་ཉིད་མི་རིགས་ཁག་དབར་རིག་གནས་སྤེལ་རེས་བྱེད་པའི་ཐབས་ལམ་གཙོ་བོའི་གྲས་ཤིག་དང་། ཆ་འཕྲིན་བསྡུ་ལེན་བྱེད་སའི་རྟེན་གཞི་གལ་ཆེན་ཞིག་ཡིན་པས། ང་ཚོས་གསར་འགྱུར་ཡིག་སྒྱུར་བྱེད་པའམ་ཡང་ན་སྙན་སྒྲོན་གྱི་བགྱི་བ་རྩོམ་པའི་སྐབས་སུ་འགྱུར་ཡིག་མང་ཚོགས་དང་ཐག་ཉེ་བ་དང་། ཡིག་སྒྱུར་མཉེན་ཆས་འདྲ་མིན་ལ་བརྟེན་དྲགས་རྒྱུ་མེད་པ། གསར་སྒྱུར་ཡིག་སྒྱུར་གྱི་རིན་ཐང་ལེན་ཕྱོགས་མི་འཛོལ་བ་བཅས་ལ་འབད་བརྩོན་བྱས་ཐོག ལོ་ཙཱ་བ་རང་ངོས་ཀྱི་བྱང་ཚད་མཐོ་རུ་གང་ནུས་བཏང་སྟེ། གསར་འགྱུར་མ་ཡིག་གི་ནང་དོན་འཕྱུགས་པ་མེད་པར་མང་ཚོགས་ལ་བརྒྱུད་བསྒྲགས་ཡག་པོ་བྱས་ནས། རྒྱ་བོད་མི་རིགས་ཀྱི་རིག་གནས་སྤེལ་རེས་དང་རྒྱ་བོད་ལོ་ཙཱའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་པ་གང་ཡོད་འདོན་དགོས།

    (སྣ་དཀར་རྩེ་རྫོང་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱི་དབང་མོ)

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།