དབུ་ཤོག>བོད་ཀྱི་རིག་གནས།>བོད་རིག་པ།
  • 《བོད་ལྗོངས་ཉིན་རེའི་ཚགས་པར》སྨྱན་སྦྱོར་མཉམ་འདྲེས་ཀྱི་རྒྱབ་ལྗོངས་ལས་འཕྲོས་པའི་ཆབ་སྲིད་ཁོར་ཡུག་དབྱེ་ཞིབ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     རྩོམ་པ་པོ།   བསོད་ནམས་སྟོབས་ལགས། བདེ་སྐྱིད་བུ་ཁྲིད།    |     སྤེལ་དུས།  2025-01-14

    བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གི་ཁོར་ཡུག་ལ་སྤྱི་ཁོག་ནས་དབྱེ་ཞིབ་ཞིག་བྱས་ན། སྨྱན་སྦྱོར་མཉམ་འདྲེས་ཀྱི་འབོད་ཚིག་བཏོན་པ་ནས་བཟུང་སྲོལ་རྒྱུན་སྨྱན་སྦྱོར་ལ་སྲིད་ཇུས་ཐད་ནས་ཕན་པ་ཆེན་པོ་སྒྲུབ་ཡོད་དེ། བཅའ་ཁྲིམས་དང་ཁྲིམས་སྲོལ་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་བ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་བརྟན་ལེགས་སུ་འགྲོ་བ། སྨྱན་སྦྱོར་ཁྲོམ་ར་སླར་གསོ་བྱུང་བ་བཅས་ཀྱིས་སྨྱན་སྦྱོར་མཉམ་འདྲེས་འཕེལ་རྒྱས་ལ་ལྷག་ཏུ་སྨན། གྲོང་མིའི་རིག་གནས་ཀྱི་འཛད་སྤྱོད་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་ཕྱིན་པ་དང་། རིག་གནས་ཀྱི་ཐོན་རྫས་དང་ཞབས་ཞུའི་དགོས་མཁོ་ཆེ་བ། གློག་རྡུལ་ཅན་གྱི་དཔེ་ཀློག་ལ་དགའ་མོས་བྱེད་པ་བཅས་ལས་སྨྱན་སྦྱོར་མཉམ་འདྲེས་བྱ་རྒྱུ་དེ་ངེས་པར་དུ་བརྒྱུད་དགོས་པའི་ལམ་བུ་ཞིག་ཏུ་གྱུར་ཡོད། ལག་རྩལ་གསར་པའི་བཀོལ་སྤྱོད་དང་བོད་ལྗོངས་རིག་ལྡན་གྲོང་ཁྱེར་དུ་འཛུགས་སྐྲུན་བྱ་རྒྱུ་དེས་བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གི་སྨྱན་སྦྱོར་མཉམ་འདྲེས་ལ་ལག་རྩལ་གྱི་མཐུན་རྐྱེན་སྐྲུན་ཡོད།   

    འདིར་རང་བློ་ཁབ་མིག་ལྟར་དོག་པས་བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གི་སྨྱན་སྦྱོར་མཉམ་འདྲེས་འཕེལ་འགྱུར་གྱི་ཆབ་སྲིད་ཁོར་ཡུག་སྐོར་ལ་དབྱེ་ཞིབ་བྱས་ཁུལ་ལགས། མཁྱེན་དཔྱོད་ཡངས་པའི་གཟུར་གནས་དྲན་དབང་རྣམ་པས་བཀའ་སློབ་སྐྱོན་སེལ་ཅི་ནས་ཀྱང་མཛད་རོགས་ཞུ། 

    སྤྱིར་ན་རྒྱལ་ཁབ་ཀྱི་སྤྱི་ཚོགས་ལམ་ལུགས་དང་།  སྲིད་གཞུང་གི་མཛད་ཕྱོགས་སྲིད་ཇུས།  བཅའ་ཁྲིམས་དང་ཁྲིམས་སྲོལ་སོགས་ཆབ་སྲིད་ཁོར་ཡུག་གི་ཁོངས་སུ་གཏོགས་པ་དང་།  ཚགས་པར་ལས་རིགས་ཀྱི་གཉེར་སྐྱོང་འཐབ་ཇུས་དེ་རྒྱལ་ཁབ་དང་སྲིད་གཞུང་གི་འབྲེལ་ཡོད་གཏན་འབེབས་དང་བསྟུན་ནས་དུས་ཐོག་ཏུ་ལེགས་སྒྲིག་བྱ་དགོས།  ཚགས་པར་ལས་རིགས་ཀྱི་ཆབ་སྲིད་ཁོར་ཡུག་ཅེས་པ་ནི་ཚགས་པར་ལས་རིགས་ཀྱི་གཉེར་སྐྱོང་དོ་དམ་ལ་ཤུགས་རྐྱེན་ཐེབས་པའི་ཆབ་སྲིད་ཀྱི་རྒྱུ་རྐྱེན་དང་དེ་དག་འཁོར་སྐྱོད་བྱས་པ་ལས་གྲུབ་པའི་ཁོར་ཡུག་མ་ལག་ཞིག་ལ་ཟེར།   རང་རྒྱལ་གྱིས“ཏང་གིས་དྲིལ་བསྒྲགས་ལ་དོ་དམ་དང་།  ཏང་གིས་འདུ་ཤེས་འཛིན་སྟངས་ལ་དོ་དམ།  ཏང་གིས་སྨྱན་སྦྱོར་ལ་དོ་དམ”བྱེད་པ་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ནས། དོན་དངོས་ཐོག་ཏང་དང་སྲིད་གཞུང་གིས་ཚགས་པར་ལས་རིགས་ལ་སྤྱི་ཁོག་སྟངས་འཛིན་དང་།  སྲིད་ཇུས་ཀྱི་མཛུབ་ཁྲིད།  ཐད་ཀར་དོ་དམ་བྱེད་པ་བཅས་ཏང་དང་སྲིད་གཞུང་གི་གླེང་ཕྱོགས་དྲིལ་བསྒྲགས་ཀྱི་ཐམས་ལམ་མམ་ལག་ཆ་ཞིག་ཡིན།   དམིགས་བསལ་གྱི་ངོ་བོ་འདིས་ཀྲུང་གོའི་ཚགས་པར་ལས་རིགས་ལ་ཆབ་སྲིད་ཀྱིས་ཚོད་འཛིན་བྱ་རྒྱུ་ནི་ལས་རིགས་གཞན་ལས་མཐོ་བ་ཡོད་པ་ཨ་ཅང་ཅང་།   ཆབ་སྲིད་ཀྱིས་ཚགས་པར་ལས་རིགས་ཀྱི་འཚོ་གནས་དང་འཕེལ་རྒྱས་ལ་ཤུགས་རྐྱེན་དང་ཚོད་འཛིན་ཐེབས་ཀྱི་ཡོད་ལ།  ཐ་ན་ཚད་ངེས་ཅན་ཞིག་གི་ཐོག་ནས་ཚགས་པར་ལས་རིགས་ཀྱི་ཆགས་འཇིག་ཐག་གཅོད་བྱེད་ཀྱི་ཡོད་ཅེས་བཤད་ཆོག

    གོ་ལ་ཧྲིལ་པོའི་ཚགས་པར་ལས་རིགས་ཀྱི་འཕོ་འགྱུར་ཆེན་པོའི་རླུང་འཚུབ་ཁྲོད།  རྒྱལ་ཁབ་ཀྱིས་སྲིད་ཇུས་ཀྱི་ཐོག་ནས་སྲོལ་རྒྱུན་གསར་འགྱུར་ལས་རིགས་ལ་དོ་ཁུར་དང་། དུས་དཔགས་བབ་བསྟུན་དང་དུས་བསྟུན་མཉམ་སྐྱོད་ཀྱིས་སྲོལ་རྒྱུན་གསར་འགྱུར་ལས་རིགས་ཀྱི་འཕེལ་རྒྱས་ལ་སྨན་པའི་སྲིད་ཇུས་རབ་དང་རིམ་པ་གཏན་འབེབས་བྱས་ཡོད།  2006ལོའི་ཟླ་8པར། གསར་འགྱུར་དཔེ་སྐྲུན་སྤྱི་ཁྱབ་ཁང་ཚགས་པར་དང་དུས་དེབ་དཔེ་སྐྲུན་དོ་དམ་སིས་གྲངས་འཛིན་ཚགས་པར་ལས་རིགས་ཚོད་ལྟ་ཁང་བསྐྲུན་རྒྱུའི་འཆར་གཞི་བཏོན།   ཚགས་པར་དཔེ་སྐྲུན་ཚན་པས་རང་བརྟེན་གསར་གཏོད་བྱ་རྒྱུར་སྐུལ་ལྕག་བྱས་ནས་གྲངས་གཞི་ཅན་དང་དྲ་རྒྱ་ཅན་གྱི་ནང་དོན་གསར་གཏོད་དང་།  ཐོན་སྐྱེད། བརྒྱུད་བསྒྲགས་བཅས་ཀྱི་བྱ་ཐབས་དང་དུད་སྣེ་བེད་སྤྱད་ནས། “དྲ་རྒྱའི་ཚགས་པར”དང་། “ལག་ཐོགས་ཁ་པར་གྱི་ཚགས་པར”“གློག་རྡུལ་ཚགས་པར”སོགས་གྲངས་གཞི་ཅན་གྱི་དཔེ་སྐྲུན་རྣམ་པ་དང་གཉེར་སྐྱོང་བྱེད་སྟངས་སྣ་ཚོགས་འཚོལ་ཞིབ་བྱས་ཡོད། དེ་རྣམས་ནི་རང་རྒྱལ་གྱི་ཚགས་པར་ལས་རིགས་ཕྱོགས་སྒྱུར་གྱི་ཚོད་ལྟ་བྱེད་པའི་གོམ་སྟབས་ཐོག་མ་དེ་ཡིན།  2007ལོའི་ལོ་སྟོད་དུ་བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གིས“བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གི<2007ལོའི་>ཡིག་ཆ་ཨང་10པའི”ཐོག་ནས་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་ལ《ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བའི་གྲངས་གཞི་ཅན་གྱི་ཚགས་པར་དང་དུས་དེབ་མ་ལག་འཛུགས་སྐྲུན་དང་། མཉམ་འགུལ་མ་ལག་དང་དེ་བཞིན་བོད་ཡིག་དང་དབྱིན་ཡིག་པར་གཞི་བསྐྲུན་རྒྱུའི་སྐོར་གྱི་སྙན་ཞུ》ཕུལ་ནས་དྲ་ཚིགས་རིམ་སྤོར་བྱ་རྒྱུའི་རེ་བ་བྱས་ཡོད་པ་རེད། 2008ལོའི་ཟླ་7པའི་ཟླ་མཇུག་ཏུ་སླེབས་སྐབས་ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བར་མཁོ་བའི་མཁྲེགས་ཆས་དང་མཉེན་ཆས་ཀྱི་སྒྲིག་སྦྱོར་དང་ཚོད་སྒྲིག་ལེགས་སྒྲུབ་བྱུང་བ། རྒྱ་ཡིག་དང་། བོད་ཡིག དབྱིན་ཡིག་པར་གཞི་བཅས་ཀྱི་དྲ་ངོས་འཆར་འགོད་རྩ་བའི་ཆ་ནས་ལེགས་སྒྲུབ་བྱུང་བ།   2008ལོའི་ཟླ་8ཚེས་1ཉིན་ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བའི་པར་གཞི་གསར་པ་ཚོད་ལྟའི་ངང་གཉེར་སྐྱོང་བྱེད་འགོ་ཚུགས།  དེ་ནས་བཟུང་། དྲ་ངོས་ཀྱི་ཉིན་རེའི་གནོན་ཚད་ཡར་ངོའི་ཟླ་བཞིན་འཕེལ་བའི་རྣམ་པ་མངོན་པ་དང་། ཟླ་8ཚེས་1ཉིན་མི་ཐེངས་ཁྲི་27ཟིན་པ་དང་། ཚེས་5ཉིན་མི་ཐེངས་ཁྲི་79ཟིན་པ།  དྲ་ཚིགས་ཐོག་མར་གཉེར་སྐྱོང་བྱེད་པའི་ཉིན་ལྔའི་ནང་ཐེབས་སྣོན་ཚད་ཁྱོན་མི་ཐེངས་ཁྲི་200ལྷག་ཙམ་ཟིན་ཡོད་པ་རེད། པར་གཞི་བཟོ་བཅོས་བྱས་རྗེས་ཀྱི་རྒྱ་ཡིག་པར་གཞི་དེར་འཕྲིན་ལམ་35ཡོད་པ་དང་ཁྱོན་ཡན་ལག་ལེ་ཚན་720ཡོད། བོད་ཡིག་པར་གཞིའི་འཕྲིན་ལམ་16དང་ཁྱོན་བསྡོམས་ཡན་ལག་ལེ་ཚན་84ཡོད། དབྱིན་ཡིག་པར་གཞི་ལ་འཕྲིན་ལམ་15དང་ཁྱོན་བསྡོམས་ཡན་ལག་ལེ་ཚན་128ཡོད།   དེ་དང་དུས་མཚུངས《བོད་ལྗོངས་ཉིན་རེའི་ཚགས་པར》གྱི་རྒྱ་བོད་པར་མའི་གྲངས་གཞིའི་ཚགས་པར་དང་ 《བོད་ལྗོངས་ཁྲིམས་ལུགས་ཚགས་པར》གྱི་གྲངས་གཞིའི་ཚགས་པར། དྲ་ཚིགས་ནང་གི་ཞིབ་དཔྱད་བཙལ་འཚོལ་དང་། སྤེལ་རེས། དཔྱད་གཏམ་མ་ལག་སོགས་གཏོད་ཡོད།  

    ལག་ཐོགས་ཁ་པར་དང་འཕྲིན་གཏོང་ལག་རྩལ། དྲ་སྦྲེལ་བཅས་མཉམ་འདྲེས་བྱས་པ་ལས་ཁ་པར་ནི་སྤྱི་དམངས་ཀྱི་སྤྱོད་སྒོ་ཆེ་བའི་སྨྱན་བྱེད་གལ་ཆེན་ཞིག་ཏུ་གྱུར་ཡོད་ལ། ལག་ཐོགས་ཁ་པར་དེ་ཚགས་པར་དང་། རླུང་འཕྲིན། བརྙན་འཕྲིན།  དྲ་རྒྱ་བཅས་དང་འགྲན་རྩོད་བྱེད་བཞིན་པའི་སྨྱན་བྱེད་གསར་པ་ཞིག་ཏུ་གྱུར་ཡོད། 2009ལོའི་ཟླ་8པར་བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གིས་གོང་རིམ་ལ་《བོད་ཀྱི་ཁ་པར་ཚགས་པར》གཏོད་རྒྱུའི་རྣམ་གྲངས་ཀྱི་སྙན་ཞུ་ཕུལ། དཔྱད་གཞི་ལས་མངོན་པར། 2009ལོར་ལྗོངས་ཡོངས་སུ་ལག་ཐོགས་ཁ་པར་ཁྲི་70ལྷག་ཙམ་ཡོད་པ་དང་དེའི་ནང་ཞིང་འབྲོག་ཁུལ་གྱིས་རྒྱ་ཆ་ཆེན་པོ་བཟུང་ཡོད། བོད་རྒྱ་ཡིག་རིགས་གཉིས་ཀྱི《བོད་ཀྱི་ཁ་པར་ཚགས་པར》གསར་གཉེར་བྱས་པ་དེས་དྲིལ་བསྒྲགས་ཐབས་ལམ་མང་དུ་འགྲོ་རྒྱུ་དང་ལས་ཀའི་ཁྱབ་རྒྱ་ཆེ་རུ་གཏོང་རྒྱུར་ཕན་པ་ཡོད། ནང་སའི་ཁ་པར་ཚགས་པར་གྱི་གཉེར་སྐྱོང་ཐད་འཐུས་ཚང་ཡིན་ལ།  རྒྱུན་མཐུད་རང་བཞིན་གྱི་འཁོར་སྐྱོད་མ་ལག་ཞིག་གྲུབ་ཡོད། བོད་དུ་ཁ་པར་ཚགས་པར་འཕེལ་རྒྱས་གཏོང་བའི་རིགས་པའི་གཞུང་ལུགས་ཀྱི་ཉམས་མྱོང་དང་དངོས་ཡོད་ཀྱི་ཆ་རྐྱེན་སྤྱིར་ན་འཛོམས་ཡོད་ཞེས་སྙན་ཞུའི་ནང་འཁོད་ཡོད།  དེའི་རྗེས་སུ།  རྒྱལ་ཁབ་ཀྱིས་ཡང་བསྐྱར་《རྒྱལ་ཡོངས་ཚགས་པར་དཔེ་སྐྲུན་ལས་རིགས་ཀྱི་ལོ་ལྔ་བཅུ་གཅིག་པའི་འཆར་འགོད་འཕེལ་རྒྱས་ཀྱི་རྩ་གནད་》གཏན་འབེབས་བྱས་ཏེ། “མ་རྩ་དང་།  ཐོན་དབང་།  ཤེས་ལྡན་མི་སྣ།  ཆ་འཕྲིན།  ལག་རྩལ་སོགས་ཚགས་པར་དཔེ་སྐྲུན་ཐོན་སྐྱེད་ཀྱི་རྒྱུ་རྐྱེན་གཙོ་བོའི་ཚོང་ར་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་།  ཚགས་པར་ལས་རིགས་ཚོགས་པ་དང་ཚགས་པར་དཔེ་སྐྲུན་ལས་ཁུངས་ཆེ་གྲས་ཀྱིས་ས་ཁུལ་ལས་བརྒལ་བ་དང་།  ལས་རིགས་ལས་བརྒལ་བ།  སྨྱན་སྦྱོར་ལས་བརྒལ་བའི་གཉེར་སྐྱོང་བྱ་ཐབས་ལ་རྒྱབ་སྐྱོར་བྱ་དགོས། ”ཞེས་གཏན་འབེབས་ནང་འཁོད་ཡོད།  རྩ་གནད་དེ་བཏོན་མ་ཐག་ཚགས་པར་མང་པོ་ཞིག་གིས་གཅིག་རྗེས་གཉིས་མཐུད་ངང་ཚགས་པར་ལས་རིགས་ཀྱི་ཚོགས་པ་བཙུགས་ནས་ཀུན་འདུས་སྨྱན་སྦྱོར་གྱི་འཐབ་ཇུས་ལག་ལེན་བསྟར་འགོ་ཚུགས།  2011ལོའི་ཟླ་1ཚེས་18ཉིན་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྷ་སར་ལྗོངས་ཡོངས་ཀྱི་རིག་གནས་འཕེལ་རྒྱས་ཚོགས་ཆེན་འཚོགས།   གྲོས་ཚོགས་ཀྱི་ལས་འགན་གཙོ་བོ་ནི།   རིག་གནས་འཛུགས་སྐྱོང་སྐོར་གྱི་ཀྲུང་དབྱང་གི་གལ་ཆེའི་བཀོད་སྒྲིག་རབ་དང་རིམ་པ་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་དང་། དེ་བཞིན་ལྗོངས་ཏང་ཨུད་ཀྱི་སྐབས་བདུན་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱ་རྒྱུ་དེ་ཡིན།   ཚོགས་འདུའི་ཐོག་བོད་ཀྱི་རིག་གནས་ལས་དོན་ལ་ཕྱོགས་བསྡོམས་ནན་ཏན་བྱས་ནས་རིག་གནས་འཛུགས་སྐྱོང་གི་དུས་བབ་ལ་དབྱེ་ཞིབ་གཏིང་ཟབ་བྱས་ཏེ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི《རིག་གནས་གོང་འཕེལ་དང་དར་རྒྱས་ཆེན་པོ་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་གཏན་འབེབས》དོན་འཁྱོལ་བྱས་ནས་རིག་གནས་ལ་བརྟེན་ནས་བོད་ལྗོངས་དར་རྒྱས་གཏོང་རྒྱུ་དང་།  རིག་གནས་ལ་བརྟེན་ནས་ས་ཁུལ་སྟོབས་ཆེར་གཏོང་རྒྱུ།  རིག་གནས་ལ་བརྟེན་ནས་ས་ཁུལ་ཕྱུག་འགྱུར་ཡོང་རྒྱུ།  རིག་གནས་ལ་བརྟེན་ནས་ས་ཁུལ་བརྟན་ལྷིང་ཡོང་རྒྱུ་བཅས་ཀྱི་འཐབ་ཇུས་ལག་བསྟར་ཤུགས་ཆེ་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་གོང་འཕེལ་ཆེན་པོ་དང་དར་རྒྱས་ཆེན་པོ་ཡོང་རྒྱུར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་དགོས་རྒྱུའི་ཕྱོགས་བསྡོམས་བྱས། དུས་བབ་དང་བླང་བྱ་གསར་པའི་འོག་བོད་ཀྱི་གཙོ་རྒྱུན་སྨྱན་སྦྱོར་རིག་གནས་ཚན་པ་ཞིག་ཡིན་པའི་ངོས་ནས། བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གིས་རིག་གནས་སྒྲིག་སྲོལ་སྒྱུར་བཅོས་ལ་སྐུལ་འདེད་ཇི་ལྟར་གཏོང་དགོས་མིན་ལ་བསམ་གཞིག་བྱེད་བཞིན།  བོད་ལྗོངས་སྨྱན་སྦྱོར་ཚོགས་པའི་ཀུང་སི་འཛུགས་རྒྱུའི་ཞིབ་འཇུག་བྱེད་འགོ་ཚུགས།  2011ལོའི་ཟླ་12ཚེས་7ཉིན་དུས་ཡུན་རིང་པོའི་ཇུས་འགོད་དང་།  བརྟག་དཔྱད།  འཚོལ་ཞིབ་བྱས་པ་བརྒྱུད་བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གིས་བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས་ཀྱི་2011ལོའི་སྙན་ཞུ་ཨང་69པ་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་ལ་ཕུལ་ནས《བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གིས་བོད་ལྗོངས་སྨྱན་སྦྱོར་ཚོགས་པ་བཙུགས་པའི་འབྲེལ་ཡོད་གནད་དོན་སྐོར་གྱི་དགོངས་སྐོར》ཕུལ་བ་དང་། བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གིས་སྨྱན་སྦྱོར་ཚོགས་པ་གཟུག་རྒྱུའི་འཆར་གཞི་ལག་ལེན་བསྟར་འགོ་ཚུགས།   

    ཚགས་པར་ལས་རིགས་ཀྱི་འཕོ་འགྱུར་ནི་ལྡོག་ཐབས་མེད་པ་ཞིག་ཡིན།  དེ་ནི་རང་རྒྱལ་གྱི་སྨྱན་སྦྱོར་ཁོར་ཡུག་ཁྲོད་ཀྱི་དམིགས་བསལ་སྣང་ཚུལ་ཞིག་མིན་པར། འཛམ་གླིང་ཁྱབ་ཁོངས་ནང་སྲོལ་རྒྱུན་གྱི་ཤོག་ཐོག་སྨྱན་སྦྱོར་སྒྱུར་བཅོས་ཕྱོགས་སྒྱུར་བྱེད་པའི་དུས་རབས་ཀྱི་རླབས་རྒྱུན་ཆེན་པོ་ཞིག་ཡིན། གནས་ཚུལ་དེ་འདྲའི་འོག་རང་རྒྱལ་གྱིས་ཐོག་མར་སྲིད་ཇུས་ཀྱི་ཐོག་ནས་སྲོལ་རྒྱུན་སྨྱན་སྦྱོར་ལས་རིགས་ལ་དོ་ཁུར་ཆེན་པོ་བྱས་ཏེ།  དུས་རབས་ཀྱི་འཕེལ་ཕྱོགས་ཁོང་དུ་ཆུད་པ་དང་དུས་རབས་ཀྱི་གོམ་སྟབས་དང་བསྟུན་ནས་སྨྱན་སྦྱོར་མཉམ་འདྲེས་ཀྱི་ཁོར་ཡུག་ཁྲོད་སྲོལ་རྒྱུན་སྨྱན་སྦྱོར་གྱིས་བྱས་རྗེས་གང་ཞིག་འཇོག་དགོས་པ་དང་། ཇི་ལྟར་བྱས་ནས་ལས་བསྒྲུབ་བྱ་དགོས་པའི་ཁྲིད་སྟོན་སྲིད་ཇུས་རབ་དང་རིམ་པ་བཏོན་པ་དེས། སྲོལ་རྒྱུན་སྨྱན་སྦྱོར་སྤུས་ཚད་མཐོ་པོའི་ངང་ཕྱོགས་སྒྱུར་ཡོང་རྒྱུར་མཛུབ་ཁྲིད་བསམ་འཆར་གལ་ཆེན་བཏོན་ཡོད།   

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་སྲོལ་རྒྱུན་སྨྱན་སྦྱོར་དང་གསར་དར་སྨྱན་སྦྱོར་མཉམ་འདྲེས་འཕེལ་རྒྱས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱས་ཤིང་།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུལ་དུས་མི་འདྲ་བར་ལག་རྩལ་གསར་པ་དང་ཉེར་སྤྱོད་བྱ་ཐབས་གསར་པ་སྤྱད་ནས་སྨྱན་སྦྱོར་བརྒྱུད་བསྒྲགས་ཀྱི་ཐབས་ལམ་གསར་གཏོད་བྱ་རྒྱུ་དང་། སྨྱན་སྦྱོར་མཉམ་འདྲེས་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ནས་མཉམ་འདྲེས་གཏིང་ཟབ་ཕྱོགས་སུ་བསྐྱོད་རྒྱུར་མགྱོགས་ལམ་བསྐྲུན་ཡོད།  དེ་མིན་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་ཚུན།  བོད་ཀྱིས《 བོད་རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་ཆ་འཕྲིན་ཅན་གྱི་འཕེལ་རྒྱས་འཆར་འགོད》 《བོད་རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་དྲ་རྒྱའི་བདེ་འཇགས་འཆར་འགོད》 《“དྲ་ཆེན་བོད་ལྗོངས”ཀྱི་འཐབ་ཇུས་ལག་བསྟར་ཇུས་གཞི》 《ཆ་འཕྲིན་ཅན་དང་བཟོ་ལས་ཅན་མཉམ་འདྲེས་གཏིང་ཟབ་ཀྱི་ལོ་ལྔའི་ཆེད་དོན་བྱ་སྤྱོད》དང་།  《སྒུལ་བདེའི་དྲ་སྦྲེལ་སྐྱོན་བྲལ་དང་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》《བོད་རང་སྐྱོང་ལྗོངས་ཀྱི་དྲ་རྒྱའི་དབུལ་སྐྱོར་བྱ་སྤྱོད་འཆར་གཞི》《སྤྱི་པའི་ཆ་འཕྲིན་ཐོན་ཁུངས་སྒོ་དབྱེར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར་འགའ་ཞིག》《བོད་རང་སྐྱོང་ལྗོངས་ཀྱི་སྲིད་དོན་ཆ་འཕྲིན་ཅན་རྣམ་གྲངས་དོ་དམ་གྱི་གནས་སྐབས་ལག་བསྟར་བྱ་ཐབས》སོགས་སྲིད་ཇུས་རང་བཞིན་གྱི་ཡིག་ཆ་20ལྷག་ཙམ་གཏན་འབེབས་ལག་བསྟར་བྱས་ཡོད་པ་བཅས།   དྲ་འཕྲིན་གྱི་སྲིད་ཇུས་མ་ལག་རགས་ཙམ་བཙུགས་པ་དང་འཐུས་ཚང་དུ་བཏང་ཡོད།   《འཕྲིན་གཏོང་སྒྲིག་བཀོད་འཛུགས་སྐྲུན་དང་སྲུང་སྐྱོང་བྱ་ཐབས》དང《སྐུད་མེད་གློག་འཕྲིན་དོ་དམ་སྲོལ་ཡིག》སོགས་ས་གནས་སྲིད་གཞུང་གི་སྒྲིག་སྲོལ་བཟོས་ནས་ལག་བསྟར་བྱས་པ་དང་རྨང་གཞིའི་འཕྲིན་གཏོང་དྲ་རྒྱའི་དོ་དམ་ལམ་ལུགས་མ་ལག་བཙུགས་པ་དང་འཐུས་ཚང་དུ་བཏང་བ།   《ཁ་པར་དང་དྲ་སྦྲེལ་སྤྱོད་མཁན་གྱི་ཐོབ་ཐང་ངོ་མ་ཐོ་འགོད་བྱ་རྒྱུའི་སྐོར་གྱི་གཏན་འབེབས》སོགས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང《དྲ་སྦྲེལ་སྨྱན་སྦྱོར་གསར་པའི་གསར་འགྱུར་ཆ་འཕྲིན་ཞིབ་བཤེར་དོ་དམ་བྱ་ཐབས》དང《དྲ་རྒྱའི་ཆ་འཕྲིན་ནང་དོན་དོ་དམ་གྱི་སྲིད་འཛིན་ཁྲིམས་འཛིན་བྱ་རིམ》སོགས་ཚད་ལྡན་རང་བཞིན་གྱི་ཡིག་ཆ་ཁྱབ་བསྒྲགས་དང་ལག་བསྟར་བྱས་ནས་དྲ་སྦྲེལ་ཆ་འཕྲིན་གྱི་ནང་དོན་དོ་དམ་ཚད་ལྡན་མ་ལག་བཙུགས་པ།   《དྲ་སྦྲེལ་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་སྐོར་གྱི་གནས་སྐབས་ལག་བསྟར་གཏན་འབེབས》དང་།  《ལྗོངས་ཡོངས་ཀྱི་དྲ་ཚིགས་ཞིབ་བཤེར་ཆོག་མཆན་དང་ཏང་རྩ་འཛུགས་འཛུགས་སྐྱོང་ལས་དོན་དུས་གཅིག་ཏུ་ལག་བསྟར་བྱ་རྒྱུའི་བྱ་ཐབས》སོགས་དྲ་རྒྱའི་ཏང་འཛུགས་སྐྱོང་ལམ་ལུགས་བཟོས་པ་དང་ལག་བསྟར་བྱས་ཡོད་པ་རེད།  དེ་དང་ཆབས་ཅིག་ཚགས་པར་ཁང་གི་ཏང་ཨུད་ཀྱི་བླང་བྱ་ལྟར་བོད་ལྗོངས་སྨྱན་སྦྱོར་ཚོགས་པས་འགན་འཁུར་ནས་སྒྲིག་བཟོ་བྱས་པའི《བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གི་སྨྱན་སྦྱོར་གསར་པའི་འཕེལ་རྒྱས་འཆར་འགོད་རྩ་གནད》ལེགས་སྒྲུབ་བྱས་པ་དང་། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གི་སྨྱན་སྦྱོར་མཉམ་འདྲེས་འཕེལ་རྒྱས་ཀྱི་སྤྱིའི་དམིགས་ཚད་རགས་བསྡུས་ཙམ་མངོན་ཡོད།  གཞན་སྔ་རྗེས་སུ་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་གྱིས་གཙོས་པའི་བོད་ཀྱི་སྲིད་གཞུང་གིས་བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་ཆེད་དོན་བརྟག་ཞིབ་གནང་བར་ཕེབས་ནས་སྨྱན་སྦྱོར་མཉམ་འདྲེས་འཕེལ་རྒྱས་སྐོར་གྱི་ཀྲུང་དབྱང་གི་སྲིད་ཇུས་གལ་ཆེན་བརྒྱུད་བསྒྲགས་སློབ་སྦྱོང་དང་། རང་ལྗོངས་ཀྱི་སྨྱན་སྦྱོར་མཉམ་འདྲེས་འཕེལ་རྒྱས་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་གནང་ཡོད།  

    རང་རྒྱལ་གྱིས་ཕྱོགས་ཡོངས་ནས་སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་ཏུ་གཏོང་བར་སྐུལ་འདེད་བྱེད་པའི་རྒྱབ་ལྗོངས་འོག སྨྱན་སྦྱོར་མཉམ་འདྲེས་སྐོར་གྱི་སྲིད་ཇུས་དང་ཁྲིམས་སྲོལ་མང་པོ་བཏོན་ནས་ཚགས་པར་ལས་རིགས་ཀྱི་མཉམ་འདྲེས་ཕྱོགས་སྒྱུར་ལ་ཆབ་སྲིད་ཀྱི་ཁོར་ཡུག་བཟང་པོ་བསྐྲུན་ཡོད་པས།  བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གིས་སྨྱན་སྦྱོར་མཉམ་འདྲེས་ཀྱི་སྲིད་ཇུས་ལ་བརྟེན་ནས་རླུང་བརྟེན་རླབས་གཤག་བྱེད་བཞིན་མཆིས།   

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།