དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • སེམས་པ་མ་སྐྱོ། དིང་རི་བ།

    བན་ཤུལ་དཔལ་ལོ།

  •     སྤེལ་དུས།  2025-01-14

    ས་ཆེན་བརྡབ་གསིག་ཐེབས་པའི་གཡོ་སྐྱོམ་གྱིས། །

    ང་ཡི་དིང་རི་དེ་རིང་རྡུལ་འཚུབ་ཁྲོད། །

    ལུས་སེམས་གཉིས་ལ་མི་འདོད་རྨ་ཁ་བཟོས། །

    ཚེ་སྲོག་མང་པོ་སྡུག་གི་དམྱལ་བར་བརྫངས། །

    སྐད་ཅིག་སེ་གོལ་གཏོགས་པའི་ཡུན་ཙམ་ལ། །

    ཕ་གཞིས་དྲོན་མོར་རླུང་འཚུབ་དྲག་པོ་ལྡང་། །

    སྤུན་ཟླ་མིང་སྲིང་རང་བྱུང་གནོད་པས་གཙེས། །

    བྱིས་པ་རྣམས་ཀྱང་ངུ་སྒྲའི་ཁྲོད་དུ་ལུས། །

    སྨྱན་བྱེད་ཡོལ་བའི་ངོས་ཀྱི་དིང་རི་བ། །

    ད་ལྟ་སྐྱོ་གདུང་མཆི་མའི་ཀློང་དུ་ངུ་། །

    བཟློག་མེད་རང་བྱུང་གནོད་འཚེར་སྙིང་རྗེ་མེད། །

    གྱང་ཆག་ཞིག་རོའི་ཀློང་གི་གོད་ཆག་ལྕི། །

    རང་བྱུང་གནོད་འཚེས་ཁྱུར་མིད་བཏང་བ་ཡི། །

    ཚེ་སྲོག་མང་པོ་ཤི་གསོན་བར་ན་རྒྱུ། །

    ངུ་འབོད་ཆོ་ངེའི་ཁྲོད་ཀྱི་གྱེས་བྲལ་འདི། །

    སྙིང་ཆུང་ཚལ་བར་གཤགས་པའི་གཞི་མ་རེད། །

    འོན་ཏེ་སེམས་པ་མ་སྐྱོ་དིང་རི་བ། །

    ང་ཚོ་ནམ་ཡང་ཁྱེད་དང་མཉམ་དུ་ཡོད། །

    ས་ཆེན་བདག་པོར་སྙིང་རྗེ་མེད་ན་ཡང་། །

    མིའི་རིགས་ཀུན་ལ་བརྩེ་བའི་ལྷག་བསམ་ཡོད། །

    གངས་དཀར་ཏི་སེའི་དབུ་འཕང་མཐོན་པོ་ཡིས། །

    ཁྱེད་ལ་ཞུམ་མེད་སྙིང་རུས་གོ་ཆ་སྤྲས། །

    ཡར་ཀླུང་གཙང་པོའི་ཕྱག་འཇུ་རིང་མོ་ཡིས། །

    ཁྱེད་ལ་བྱམས་བརྩེའི་བྱིལ་བྱིལ་གནང་ནས་ཡོད། །

    གོང་གི་གཙོ་འཛིན་གཤམ་གྱི་མི་དམངས་དང་། །

    བཅིངས་འགྲོལ་དམག་དང་གོས་དཀར་ལྷ་རྗེ་སོགས། །

    གོང་འོག་ཚང་མའི་རྒྱབ་སྐྱོར་ཡོད་པས་ན། །

    སྙིང་རུས་མ་ཉམས་སྡུག་རུས་གནང་ཤོག་ཨང་། །

    སྡུག་ལ་གདོང་གཏད་དགོས་སོ་དིང་རི་བ། །

    ཆར་རླུང་རྗེས་སུ་འཇའ་ཚོན་ཤར་ངེས་ཡིན། །

    རྐྱེན་ངན་གྲོགས་སུ་ཤར་བའི་ཆོས་ཉིད་ལྟར། །

    ཁྱིམ་གཞིས་གསར་པ་གང་མགྱོགས་སྐྲུན་ངེས་ཡིན། །

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།