དབུ་ཤོག>བོད་ཀྱི་རིག་གནས།>ཆོས་ལུགས།
  • ལྗོངས་ཡོངས་ཀྱི་ཆོས་ཕྱོགས་ལས་རིགས་འཐུས་ཚབ་མི་སྣའི་བཞུགས་མོལ་ཚོགས་འདུའི་ཐོག་གི་གཏམ་བཤད། (གནད་བསྡུས)

    ཀྲུང་གོ་གུང་ཁྲན་ཏང་དང་ལངས་ཕྱོགས་གཅིག་མཚུངས་ཀྱིས་མེས་རྒྱལ་གོང་བུ་གཅིག་གྱུར་ལ་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན། ཁ་ཕྲལ་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུའི་སློབ་གསོ་གཏོང་གི་ཡིན།

    བོད་ལྗོངས་ནང་བསྟན་སློབ་གླིང་གི་དཔེ་ཁྲིད་དགེ་རྒན། བློ་གྲོས་ཡོན་ཏན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-12-31

    བོད་བརྒྱུད་ནང་བསྟན་ནི་ནང་བསྟན་ཀྲུང་གོ་ཅན་གྱི་ཐོན་དངོས་ཤིག་རེད། ཆོས་ལུགས་གང་ཡིན་ཡང་། དེའི་འཕེལ་རྒྱས་ངེས་པར་དུ་དུས་རབས་ཀྱི་འཕེལ་ཕྱོགས་དང་མཐུན་ཞིང་། རྒྱལ་ཁབ་ཀྱི་དགོས་མཁོ་དང་དམངས་སེམས་དང་འཚམ་དགོས། དེ་མིན་ན་ཆོས་ལུགས་གང་དེ་དར་སྤེལ་གཏོང་མི་ཐུབ། བོད་བརྒྱུད་ནང་བསྟན་ལ་དེང་དུས་ཀྱི་རྣམ་པ་འདི་ལྟ་བུ་ཞིག་ཡོད་པ་ནི། ཀྲུང་གོ་གུང་ཁྲན་ཏང་ལ་ཆོས་ལུགས་ཀྱི་སྲིད་ཇུས་ཡང་དག་པ་ཞིག་ཡོད་པ་དང་། དུས་རབས་རིམ་བྱོན་གྱི་སྐྱེས་ཆེན་དམ་པ་རྣམ་པས་རྒྱལ་གཅེས་ཆོས་གཅེས་དང་རྒྱལ་སྐྱོང་འགྲོ་ཕན་གྱི་སྲོལ་བཟང་དར་སྤེལ་གནང་བ་ལས་བྱུང་བ་ཡིན་པ་ལོ་རྒྱུས་དངོས་ཀྱིས་ར་སྤྲོད་བྱས་ཡོད། བོད་བརྒྱུད་ནང་བསྟན་ངེས་པར་དུ་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ་དང་། སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པའི་ལམ་དུ་ཞུགས་ན། ད་གཟོད་འོད་སྟོང་ལྡན་པའི་མདུན་ལྗོངས་ལྡན་ངེས། ཆོས་ཕྱོགས་ལས་རིགས་ཀྱི་མི་སྣ་ཞིག་ཡིན་པའི་ཆ་ནས། རྒྱལ་གཅེས་ནི་གཞི་མ་ཡིན་ལ། ལྷག་ཏུ་འོས་འགན་ཡང་ཡིན། འགག་རྩ་ནི་ཏང་གི་འགོ་ཁྲིད་ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་རྒྱུ་དེ་ཡིན།

    ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་ཆེན་པོ་སོགས་སྐྱེས་ཆེན་དམ་པ་ཚོའི་རྒྱལ་གཅེས་ཁྲིམས་སྲུང་དང་། ཆོས་གཅེས་སྤྱོད་གཙང་གི་སྲོལ་བཟང་རྒྱུན་འཛིན་གྱིས། ཕྱོགས་ཡོངས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུངས་པའི“ཚད་གཞི་བཞི”ལག་ལེན་མཐའ་འཁྱོངས་བྱེད་དགོས། དཔེ་ཁྲིད་དང་སྒོམ་སྒྲུབ་ཉམས་ལེན་གྱི་ཞོར་དུ། གུས་པས“ལོ་རྒྱུས་ལྔ”ལ་སློབ་སྦྱོང་བྱས་པ་བརྒྱུད། ཀྲུང་གོའི་མི་དམངས་རྣམས་སྔོན་ཆད་ཀྱི་ཡར་ལངས་དང་ཕྱུག་འགྱུར་ནས་ད་ཆ་སྟོབས་འབྱོར་ལྡན་པར་གྱུར་ཡོད་ལ། རླབས་ཆེན་མེས་རྒྱལ་གྱི་བྱ་གཞག་ཀུན་གོམ་པ་བརྟན་པོས་འཕེལ་ཞིང་རྒྱས་ཏེ། སྔར་བྱུང་མ་མྱོང་བའི་དུས་སྐབས་གསར་པ་ཞིག་ཏུ་སླེབས། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་མངོན་འགྱུར་ཡོང་བར་ཐག་ཇེ་ཉེ་ནས་ཇེ་ཉེ་ཡིན་པས། གུས་པ་ནི་ཀྲུང་གོའི་སྤྱི་དམངས་ཞིག་ཡིན་པའི་ངོས་ནས་འདི་ལ་སྤོབས་སེམས་ཆེན་པོ་སྐྱེ་འོས་པའི་ངོས་འཛིན་དེ་བས་གཏིང་ཟབ་བྱུང་།

    སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་འདུན་རྣམས་ལ“རྒྱལ་པོའི་དྲིན་གཟོ་བའི”གདམ་ངག་གནང་བ་དེ། དེང་དུས་སུ་ཀྲུང་གོ་གུང་ཁྲན་ཏང་གི་དྲིན་ལན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དྲིན་ལན་འཇལ་དགོས་ཞེས་པ་དེ་རེད། ང་ཚོས་བྱ་སྤྱོད་ངོ་མའི་ཐོག་ནས་བོད་བརྒྱུད་ནང་བསྟན་གྱི་དྲིན་ཤེས་པ་དང་། དྲིན་ཚོར་བ། དྲིན་གཟོ་བའི་སྲོལ་རྒྱུན་དར་སྤེལ་གཏོང་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནི་ཏང་ཡོངས་ཀྱིས་གོང་དུ་བཀུར་ཞིང་། མི་དམངས་ཀྱིས་དགའ་ཞེན་བྱེད་སའི་རླབས་ཆེན་གཙོ་འཛིན་དང་། རྒྱལ་ཁབ་ཀྱི་དབུ་ཁྲིད་པ། མི་དམངས་ཀྱི་ལམ་སྟོན་པ་ཞིག་ཡིན་པར་ངོས་འཛིན་གཏིང་ཟབ་བྱས་པ་མ་ཟད། ང་ཚོས་ངེས་པར་དུ་རླབས་ཆེན་གྱི་གཙོ་འཛིན་མའོ་ཀྲུའུ་ཞི་ལ་དགའ་ཞེན་བྱེད་པ་ནང་བཞིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་དགའ་ཞེན་བྱེད་དགོས།

    བོད་ལྗོངས་ནང་བསྟན་སློབ་གླིང་གི་དཔེ་ཁྲིད་དགེ་རྒན་ཞིག་ཡིན་པའི་ཆ་ནས། གུས་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཆོག་གི་ཆོས་ལུགས་ལས་དོན་སྐོར་གྱི་གལ་ཆེའི་རྣམ་བཤད་དང་། ལྷག་པར་དུ། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བའི་གལ་ཆེའི་མཛུབ་སྟོན་དང་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་དང་ཚང་འཛོམས་གྲོས་ཚོགས་ཁག་གི་བཀོད་སྒྲིག་བླང་བྱ་ཁག་སློབ་ཁྲིད་དང་ཟུང་འབྲེལ་དམ་ཟབ་བྱས་ནས། སློབ་མ་རྣམས་ལ་ཀྲུང་གོ་གུང་ཁྲན་ཏང་དང་ལངས་ཕྱོགས་གཅིག་མཚུངས་ཀྱིས་མེས་རྒྱལ་གོང་བུ་གཅིག་གྱུར་ལ་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན། ཁ་ཕྲལ་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ་མ་ཟད། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་ཇི་ལྟར་འགྱུར་བའི་འདུ་ཤེས་དེ་ནང་བསྟན་སློབ་གླིང་གི་སློབ་ཁྲིད་དང་ཞིབ་འཇུག་གི་བརྒྱུད་རིམ་ནང་མཉམ་བསྲེས་ཡོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དོན་འཁྱོལ་ཇི་ལྟར་བྱེད་པ་དང་འདུ་ཤེས་གསུམ་བརྟན་པོ་འཛུགས་པ། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ཀྱིས་བོད་བརྒྱུད་ནང་བསྟན་ལ་ཤུགས་རྐྱེན་བཟང་པོ་ཐེབས་པ་བྱ་རྒྱུ་དེ་སློབ་ཁྲིད་ཀྱི་ནང་དོན་དུ་བཀོད་སྒྲིག་བྱ་རྒྱུ་བཅས་ལ་མནོ་བསམ་ཡང་ཡང་གཏོང་གི་ཡོད།

    དུས་མཚུངས་སུ་གུས་པས་རང་འགུལ་ངང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ལ་སློབ་སྦྱོང་བྱས་ཏེ། སློབ་མ་དང་མཉམ་དུ་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གྱིས་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལ་མོས་གུས་ཤུགས་ཆེར་རྒྱུན་ཆད་མེད་པར་བཏང་ཡོད། དཔེ་ཁྲིད་དགེ་རྒན་གཞན་དང་ལྷན་དུ་སློབ་མར་མཛུབ་ཁྲིད་ཀྱིས་བོད་བརྒྱུད་ནང་བསྟན་གྱི་བཀའ་དང་དགོངས་པར་དུས་རབས་ཡར་རྒྱས་དང་མཐུན་པའི་འགྲེལ་བཤད་གསར་པ་བརྒྱབ་པ་སྟེ། སློབ་མ་རྣམས་ལ་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་བཏོན་གནང་བའི་བཟང་པོ་བཞི་ལྡན་གྱི་གྲྭ་བཙུན་དང་ཕུལ་བྱུང་གི་སྲོལ་རྒྱུན་ལྔ་དར་སྤེལ་གཏོང་དགོས་པ་སོགས་ཀྱི་བླང་བྱ་དང་ཡང་ཡང་བསྡུར་ནས་བསླབ་པ་ཉམས་ལེན་དང་རང་ཁ་རང་གཅུན་བྱེད་དགོས་པའི་སློབ་གསོ་ཁྲིད་སྟོན་བྱས་ཤིང་། འཛུགས་གཏོད་བཞི་དང་མདུན་གྲལ་དུ་སླེབས་པ་བཞི་ལ་ཧུར་བརྩོན་ཆེན་པོས་ལེགས་སྐྱེས་ཕུལ་ཡོད།

    ལྗོངས་ཏང་ཨུད་ཀྱིས་ང་ཚོ་ཆོས་ཕྱོགས་ལས་རིགས་མི་སྣར་ཐུགས་ཁུར་གཟབ་བཞེས་གནང་བར། ང་ཚོས་བསླབ་པ་ཉམས་ལེན་ལ་འབད་བརྩོན་ཆེར་སྐྱེད་དང་སྤྱི་ཚོགས་ལ་ཕན་བདེ་བསྐྲུན་ན། གཞི་ནས་ཏང་གི་བཀའ་དྲིན་འཇལ་བ་རེད་ལ། ང་ཚོ་ཆོས་ཕྱོགས་ལས་རིགས་མི་སྣས་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་བཟང་དར་སྤེལ་གཏོང་བ་དེ་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བའི་བྱ་སྤྱོད་ངོ་མ་དེ་ཡིན་པའི་ངོས་འཛིན་ཡང་གསལ་པོ་བྱུང་།

    (གཏམ་བཤད་ཀྱི་ནང་དོན་ཚང་མ་ཀྲུང་གུང་བོད་རང་སྐྱོང་ལྗོངས་འཐབ་ཕྱོགས་གཅིག་གྱུར་པུའུ་ནས་མཁོ་འདོན་བྱས་པ་གཞིར་བཟུང)

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།