ལྗོངས་ཡོངས་ཀྱི་ཆོས་ཕྱོགས་ལས་རིགས་འཐུས་ཚབ་མི་སྣའི་བཞུགས་མོལ་ཚོགས་འདུའི་ཐོག་གི་གཏམ་བཤད། (གནད་བསྡུས)
ཆབ་སྲིད་ཐད་བློས་འཁེལ་བ་དང་། ཆོས་ལུགས་ཐད་ཐོས་བསམ་ཟབ་པ། སྤྱོད་ལམ་ཐད་དམངས་མགུ་བ། འགག་རྩའི་དུས་སུ་ནུས་པ་ཐོན་པའི་ཆོས་ཕྱོགས་མི་སྣ་ཞིག་བྱེད་ཀྱི་ཡིན།
ཆབ་མདོ་གྲོང་ཁྱེར་རི་བོ་ཆེ་དགོན་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ། འཕགས་མཆོག་སྐལ་བཟང་ཉི་མ།
བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་རྒྱུ་དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་བརྒྱུད་ནང་བསྟན་ལ་གནང་བའི་མཛུབ་སྟོན་གལ་ཆེན་ཞིག་ཡིན་ལ། བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་ལས་འགན་ཆེ་ཤོས་ཤིག་ཀྱང་རེད། གུས་པས་རང་དགོན་པའི་གྲྭ་དམངས་ཀྱི་སྣེ་ཁྲིད་དེ། ཏང་དང་སྲིད་གཞུང་ལ་བློ་དཀར་སེམས་དཀར་དང་། བློ་ཁ་གཅིག་ཕྱོགས། བསམ་སྦྱོར་གཅིག་མཐུན་བཅས་བྱས་ནས། དགོན་པའི་བྱ་བ་ཁག་ཧུར་བརྩོན་ཆེན་པོས་དོན་འཁྱོལ་དང་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བཞིན་ཡོད། ཆོས་ཕྱོགས་ལས་རིགས་ཀྱི་འཐུས་མི་ཞིག་ཡིན་པའི་ངོས་ནས། རང་ཉིད་ཀྱིས་ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ཚོགས་འདུ་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་ཡག་པོ་དང་། དྲིལ་བསྒྲགས་ཡག་པོ། དོན་འཁྱོལ་ཡག་པོ་བཅས་བྱས་ཏེ། དགོན་སྡེའི་གྲྭ་དམངས་ལ་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲངས་པ་བཅས་མཐའ་གཅིག་ཏུ་བྱེད་དགོས་པའི་སློབ་གསོ་ཁྲིད་སྟོན་བྱེད་བཞིན་ཡོད། དགོན་སྡེ་དོ་དམ་ཨུ་ལྷན་གྱི་ནུས་ལྡན་འགོ་ཁྲིད་འོག “འདུ་ཤེས་གསུམ”གྱི་སློབ་གསོའི་བྱེད་སྒོར་དམ་འཛིན་བྱ་རྒྱུ་གཙོ་རྐང་དུ་བྱས་ཏེ། རྒྱལ་གཅེས་རིང་ལུགས་དང་། ཁྲིམས་སྐྱོང་དྲིལ་བསྒྲགས། མི་རིགས་མཐུན་སྒྲིལ། ཁ་ཕྲལ་ལ་ངོ་རྒོལ། བོད་གསར་རྙིང་བསྡུར་བ་བཅས་ཀྱི་སློབ་གསོའི་བྱེད་སྒོ་གཏིང་ཟབ་སྤེལ་ནས། དགོན་སྡེའི་གྲྭ་དམངས་ཀྱིས་རྩ་ཁྲིམས་དང་། ཉེས་ཁྲིམས། རྒྱལ་ཁབ་ཀྱི་བདེ་འཇགས་བཅའ་ཁྲིམས་སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་སློབ་སྦྱོང་ནན་ཏན་བྱེད་པར་སློབ་གསོ་ཁྲིད་སྟོན་བྱས་པ་མ་ཟད། རང་རྟོགས་ངང་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་དབང་གྲགས་ལ་སྲུང་སྐྱོང་དང་ཆོས་ལུགས་ལས་རྒྱལ་ཁབ་གཙོ་ཆེ་ཞིང་། འདུལ་ཁྲིམས་ལས་རྒྱལ་ཁྲིམས་གཙོ་ཆེ་བ། ཆོས་དམངས་ནི་ཐོག་མར་སྤྱི་དམངས་ཡིན་པའི་འདུ་ཤེས་བརྟན་པོར་བཙུགས་ཡོད། ཁ་ཕྲལ་ལ་ངོ་རྒོལ་དང་མེས་རྒྱལ་གོང་བུ་གཅིག་གྱུར་ལ་སྲུང་སྐྱོང་བྱེད་པའི་ཆབ་སྲིད་ཀྱི་དོན་ཆེན་ཐད། ང་ཚོས་ཐོག་མཐའ་བར་གསུམ་དུ་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱེད་བཞིན་ཡོད། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་ཏཱ་ལའི་རུ་ཚོགས་ཀྱི་མེས་རྒྱལ་ཁ་ཕྲལ་གཏོང་བ་དང་བོད་ཕུང་ཆོས་དཀྲུགས་ཀྱི་ལོག་སྤྱོད་ངོ་བོར་ངོས་འཛིན་གསལ་པོ་བྱུང་ཡོད།
བོད་བརྒྱུད་ནང་བསྟན་སྐྱོན་བྲལ་ངང་རྒྱུན་འཛིན་བྱེད་པར་ང་ཚོ་ཆོས་ཕྱོགས་ལས་རིགས་མི་སྣས་སྒྲིག་བཀུར་ཁྲིམས་སྲུང་དང་། གཞུང་དྲང་ཡིད་རྟོན། ཆོས་ལུགས་ནན་སྐྱོང་། རང་གཅུན་ནན་པོ་བཅས་བྱེད་དགོས། དགོན་པའི་དོ་དམ་ཨུ་ལྷན་གྱི་ཁོངས་མི་ཞིག་ཡིན་པའི་ངོས་ནས། དུས་དང་རྣམ་པ་ཀུན་ཏུ་འདུལ་བ་གཙུག་ཏུ་བཀུར་ནས་ཆོས་ལུགས་ནན་པོས་སྐྱོང་རྒྱུ་རྒྱུན་འཁྱོངས་བྱས་ཐོག དགོན་པའི་གྲྭ་དམངས་རྣམས་ཀྱི་སྣེ་ཁྲིད་དེ། བོད་བརྒྱུད་ནང་བསྟན་གྱི་སྤྱོད་གཙང་དང་བབ་ཆགས་གྲོན་ཆུང་གི་སྲོལ་བཟང་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ། ཧམ་ཟ་རྒྱས་སྤྲོས་དང་རྒྱས་གཤོམ་དང་དོད་བྱེད་པ་སོགས་ཀྱི་སྲོལ་ངན་ལ་བཀག་འགོག་མཐའ་གཅིག་ཏུ་བྱས་ནས། གྲྭ་དམངས་རྣམས་ཀྱི་སྣེ་ཁྲིད་དེ་རང་ཁ་རང་གཅུན་དང“འདུ་ཤེས་གསུམ”ཟབ་ཏུ་བཏང་ཡོད། རང་བཤེར་དང་ཕན་ཚུན་ཞིབ་བཤེར་སོགས་ཀྱི་བྱ་ཐབས་བརྒྱུད། གྲྭ་དམངས་ཀྱི་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་ཡོང་བར་བྱས་ཡོད། ང་ཚོས་མ་དངུལ་སྒོར་ཁྲི་26གྲབས་གསོག་བྱས་ཏེ། དགོན་སྡེར་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་སློབ་གསོའི་རྟེན་གཞི་བསྐྲུན་ནས་བོད་ཀྱི་རླབས་ཆེན་འཕོ་འགྱུར་དང་། མི་རིགས་མཐུན་སྒྲིལ་གྱི་མི་སེམས་འགུལ་བའི་གཏམ་རྒྱུད། རྒྱལ་གཅེས་སྔོན་ཐོན་གྱི་བྱས་རྗེས་བཅས་གཅིག་སྡུད་ཐོག་འགྲེམས་སྟོན་བྱས་པ་དང་འབྲེལ། གྲྭ་དམངས་སྒྲིག་འཛུགས་བྱས་ནས་སློབ་སྦྱོང་དང་ལྟ་སྐོར་ཡང་བྱས་ཡོད། 2023ལོར་རང་དགོན་སྡེར་རང་སྐྱོང་ལྗོངས་རིམ་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གྱི་མཚན་སྙན་ཐོབ་ཡོད།
རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་ཤུགས་ཆེའི་རྒྱབ་སྐྱོར་འོག རང་དགོན་པས་བཅའ་ཁྲིམས་དང་ཁྲིམས་སྲོལ་ཚད་གཞིར་བྱས་ཏེ། ནང་ཁུལ་གྱི་དོ་དམ་ལམ་སྲོལ་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་བས། རང་ངོས་དོ་དམ་དང་སྤྱི་ཚོགས་ལ་ཞབས་འདེགས་ཞུ་བའི་ནུས་པ་སྔར་བས་ཆེ་རུ་ཕྱིན་ཡོད། ཁྲིམས་ལྟར་དོ་དམ་བྱེད་པར་དམིགས་ནས《ཆོས་ལུགས་ལས་དོན་སྲོལ་ཡིག》སོགས་ཁྲིམས་སྲོལ་ལམ་ལུགས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་གོ་སྐབས་སུ་བཟུང་སྟེ། རང་རྟོགས་ངང་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་ཁྱབ་ཁོངས་སུ་ཆོས་ལུགས་བྱེད་སྒོ་སྤེལ་ཡོད། རང་དགོན་པས་ཐོག་མཐའ་བར་གསུམ་དུ་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པ་དེ་གཙོ་གནད་ལས་འགན་དུ་བརྩིས་ནས། དམངས་གཙོ་དོ་དམ་ཨུ་ལྷན་གྱི་ཁོངས་མིས《དགོན་སྡེའི་བརྟན་ལྷིང་སྲུང་སྐྱོང་གི་འགན་འཁྲིའི་ཡི་གེ》རང་འགུལ་ངང་བཞག་པ་དང་། སྲིད་གཞུང་གི་བརྟན་ལྷིང་སྲུང་སྐྱོང་གི་བྱ་ཐབས་ཁག་ལ་རྒྱབ་སྐྱོར་བྱེད་པའི་ནང་རང་འགུལ་ངང་ཞུགས་པ། བརྟན་ལྷིང་སྲུང་སྐྱོང་ལ་དམིགས་ནས་ནུས་པ་ཧུར་ཐག་བཏོན་ཡོད། རང་འགུལ་གྱིས་ཆོས་དད་མང་ཚོགས་ལ་ཆོས་ལུགས་བྱེད་སྒོའི་ཁྲོད་དུ་ཞེ་སྡང་གི་སྲོལ་ངན་གཏན་འགོག་དང་རྒྱས་སྤྲོས་ལོངས་སྤྱོད་ཇེ་ཉུང་དུ་གཏོང་དགོས་པའི་སློབ་གསོ་ཁྲིད་སྟོན་བྱེད་པ་མ་ཟད། དགོན་སྡེའི་དོ་དམ་སྲོལ་ཡིག་འཐུས་སྒོ་ཚང་དུ་བཏང་ནས། རང་འགུལ་ངང་དགོན་སྡེས་མང་ཚོགས་ས་ནས་དབྱར་རྩྭ་དགུན་འབུ་བསོད་སྙོམས་སུ་གཏན་ནས་ལེན་མི་ཆོག་པ་དང་། དགོན་སྡེས་མང་ཚོགས་ཀྱི་ཕྱུགས་རིགས་ཞལ་འདེབས་དང་ལེན་གཏན་ནས་བྱེད་མི་ཆོག་པ། དགོན་སྡེས་མང་ཚོགས་ཀྱི་ངལ་ནུས་དང་ལེན་བྱས་ཏེ་དགོན་སྡེའི་ཉམས་གསོ་དང་འཛུགས་སྐྲུན་ནང་ཞུགས་སུ་འཇུག་མི་ཆོག་པ་བཅས་དགོན་སྡེའི་སྒྲིག་སྲོལ་ནང་བཅུག་ཡོད་པ་རེད། མེ་ཟོན་བདེ་འཇགས་དང་། རིག་དངོས་སྲུང་སྐྱོབ། འཕྲོད་བསྟེན་རིམས་འགོག་སོགས་རྒྱུན་གཏན་གྱི་དོ་དམ་ལ་ཤུགས་སྣོན་རྒྱག་པར་དམིགས་ནས། དགོན་སྡེ་དོ་དམ་ཨུ་ལྷན་དང་། ཁོངས་གཏོགས་ཤང་དང་གྲོང་ཚོ་བཅས་ལ་གཞོགས་འདེགས་ཧུར་ཐག་བྱས་ཏེ། དགོན་ཕན་གྲྭ་ཕན་གྱི་སྲིད་ཇུས་ཁག་དོན་འཁྱོལ་ཞིབ་ཚགས་ཡོང་བར་འགན་ལེན་བྱས་ཡོད།
རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་དང་འབྲེལ་ཡོད་སྡེ་ཚན་གྱི་མཛུབ་སྟོན་འོག རང་དགོན་པའི་བྱ་སྤྱོད་དངོས་ལ་གཞིགས་ཏེ། 2024ལོར་རང་ཉིད་ལ་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མི་སྒེར་གྱི་བླ་ན་མེད་པའི་མཚན་སྙན་ཐོབ་ཅིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་བྱམས་བརྩེའི་མཇལ་འཕྲད་གནང་བས། དེ་ནི་ང་མི་སྒེར་ལ་མཚོན་ན་གཟི་བརྗིད་ཆེན་པོ་ཞིག་ཡིན་ལ། རི་བོ་ཆེ་དགོན་གྱིས་དུས་ཡུན་རིང་པོའི་ནང་ཏང་ལ་དགའ་ཞེན་དང་། རྒྱལ་ཁབ་ལ་དགའ་ཞེན། ཆོས་ལ་དགའ་ཞེན་བཅས་བྱེད་པའི་སྲོལ་རྒྱུན་བཟང་པོར་ཁས་ལེན་དང་གདེང་འཇོག་གང་ལེགས་གནང་བ་ཞིག་ཀྱང་རེད། སླད་ཕྱིན་ང་ཚོས་གཟི་བརྗིད་དེ་འགོ་འཛུགས་ས་གསར་པ་ཞིག་ཏུ་བརྩིས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཆོག་གི་མངགས་བཅོལ་ཟབ་མོ་དང་ལྗོངས་ཏང་ཨུད་ཀྱི་བླང་བྱ། དེ་བཞིན་ཧྲུའུ་ཅི་ཝང་ཅུན་ཀྲེང་མཆོག་གི་གསུང་བཤད་བཅས་ཀྱི་དགོངས་དོན་གཞིར་བཟུང་། བཟང་པོ་བཞི་ལྡན་གྱི་གྲྭ་བཙུན་བརྩོན་ལེན་ཧུར་ཐག་བྱས་ནས། “དོན་ཆེན་བཞི”དང་“འཛུགས་གཏོད་བཞིར”ནུས་པ་ཧུར་ཐག་བཏོན་ཐོག ཆབ་སྲིད་ཐད་བློས་འཁེལ་བ་དང་། ཆོས་ལུགས་ཐད་ཐོས་བསམ་ཟབ་པ། སྤྱོད་ལམ་ཐད་དམངས་མགུ་བ། འགག་རྩའི་དུས་སུ་ནུས་པ་ཐོན་པའི་ཆོས་ཕྱོགས་མི་སྣ་ཞིག་བྱེད་ཀྱི་ཡིན།
(གཏམ་བཤད་ཀྱི་ནང་དོན་ཚང་མ་ཀྲུང་གུང་བོད་རང་སྐྱོང་ལྗོངས་འཐབ་ཕྱོགས་གཅིག་གྱུར་པུའུ་ནས་མཁོ་འདོན་བྱས་པ་གཞིར་བཟུང)