དབུ་ཤོག>བོད་ཀྱི་རིག་གནས།>ཆོས་ལུགས།
  • ལྗོངས་ཡོངས་ཀྱི་ཆོས་ཕྱོགས་ལས་རིགས་འཐུས་ཚབ་མི་སྣའི་བཞུགས་མོལ་ཚོགས་འདུའི་ཐོག་གི་གཏམ་བཤད། (གནད་བསྡུས)

    མེས་རྒྱལ་གོང་བུ་གཅིག་གྱུར་ལ་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་སྟེ་བོད་ཡུན་རིང་བདེ་འཁོད་ཡོང་བར་སྐུལ་འདེད་གཏོང་གི་ཡིན།

    ནག་ཆུ་གྲོང་ཁྱེར་ཙན་དན་དགོན། ངག་དབང་འཇིགས་བྲལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-12-31

    2022ལོར་ལྗོངས་ཡོངས་ཀྱི་ཆོས་ཕྱོགས་ལས་རིགས་ཁྱབ་ཁོངས་སུ“འདུ་ཤེས་གསུམ”གྱི་སློབ་གསོ་གཏིང་ཟབ་སྤེལ་བ་ནས་བཟུང་། ཙན་དན་དགོན་གྱི་རྒྱ་ཆེའི་དགེ་འདུན་པ་རྣམས་ཀྱིས“འདུ་ཤེས་གསུམ”གྱི་དྲིལ་བསྒྲགས་སློབ་གསོའི་ནང་ཧུར་ཐག་ཞུགས་ཤིང་། རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས་བཅས་ནི་དགེ་འདུན་པ་ཚང་མར་ངེས་པར་དུ་ལྡན་དགོས་པའི་གཞི་རྩའི་གོ་རྟོགས་དང་། མེས་རྒྱལ་གོང་བུ་གཅིག་གྱུར་ལ་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་ལེན་བསྟར་བའི་དོན་དངོས་ཀྱི་བླང་བྱ་ཡིན་ལ། ཕྱོགས་ཡོངས་ནས་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་གཏོང་བ་དང་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་སྐུལ་འདེད་གཏོང་བའི་འགན་སྲུང་གལ་ཆེན་ཞིག་ཡིན་པ་བཅས་ཀྱི་ངོས་འཛིན་གཏིང་ཟབ་བྱུང་སོང་། “འདུ་ཤེས་གསུམ”གྱི་སློབ་གསོ་སྤེལ་བ་བརྒྱུད། ཙན་དན་དགོན་པའི་རྒྱ་ཆེའི་དགེ་འདུན་པ་རྣམས་ཀྱིས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲངས་པ་བཅས་ཀྱི་ཆོད་སེམས་སྔར་བས་བརྟན་དུ་ཕྱིན་པ་དང་། བསམ་བློའི་ཐད་ཁ་ཕྱོགས་མི་འཛོལ་བ་དང་། གཏམ་སྤྱོད་ཐད་ཚད་བརྒལ་མི་བྱེད་པ། ཏང་གི་ཆོས་ལུགས་སྲིད་ཇུས་ལག་བསྟར་ནན་པོ་བྱས་ཏེ། ཐོག་མཐའ་བར་གསུམ་དུ་བཅའ་ཁྲིམས་ཀྱི་གཏན་འབེབས་དང་སྲིད་ཇུས་ཀྱི་ཁྱབ་ཁོངས་ནང་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་གྱི་ཡོད། བླང་དོར་གྱི་ཆ་ལ་མགོ་རྨོངས་པའི་མི་དང་མགོ་རྨོངས་པའི་ལས་གཏན་ནས་བྱེད་ཀྱི་མེད།

    ཆོས་ཕྱོགས་ལས་རིགས་ཀྱི་འཐུས་མི་ཞིག་ཡིན་པའི་ངོས་ནས། རང་འགུལ་ངང“འདུ་ཤེས་གསུམ” གྱི་སློབ་གསོའི་དྲིལ་བསྒྲགས་པའི་འགན་ཁུར་བ་དང་ལག་ལེན་པ་བྱས་ཏེ། ཆོས་ཕྱོགས་དང་མཐུན་པའི་སྐད་ཆ་ཤོད་སྟངས་དང་གསུང་རབ་དཔེ་ཁྲིད་བྱེད་སྟངས་ཀྱི་ཐབས་ཤེས་སྤྱད་དེ་དགེ་འདུན་པར་སློབ་གསོ་རྒྱག་གི་ཡོད། དེ་ཡང“འདུ་ཤེས་གསུམ”གྱི་སློབ་གསོ་སྤེལ་དགོས་དོན་གང་ཡིན་པ་དང་། “འདུ་ཤེས་གསུམ”ནི་ཅི་ཞིག་ཡིན་པ། “འདུ་ཤེས་གསུམ”ལག་ལེན་ཇི་ལྟར་བསྟར་ཚུལ་བཅས་ཀྱི་སྐོར་དྲིལ་བསྒྲགས་གཏིང་ཟབ་བྱས་པ་ཡིན། བོད་བརྒྱུད་ནང་བསྟན་གྱིས“རྒྱལ་གཅེས་ཆོས་གཅེས་དང་། སྒྲིག་བཀུར་ཁྲིམས་སྲུང་། སྡིག་སྤོང་དགེ་སྒྲུབ། ཞི་མཐུན་གོང་བཀུར། ཞི་བདེར་རེ་སྨོན”བཅས་བྱེད་པའི་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་སྟེ། རྒྱལ་ཁབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་བཏང་བ། རྒྱལ་གཅེས་ཀྱི་བརྩེ་སེམས་ཟབ་ཏུ་བཏང་བ། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུས་པ། སྔོན་ལ་སྤྱི་དམངས་ཡག་པོ་ཞིག་བྱེད་པ་དང་། དེ་ནས་དགེ་འདུན་པ་ཡག་པོ་བྱེད་དགོས་པའི་སྐོར་ཁ་གསལ་བརྗོད་པ། དགོན་པའི་དགེ་འདུན་པ་རྣམས་ཀྱིས་སྟོན་པ་ཐུབ་པའི་དབང་པོས་བསྩལ་བའི། “སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །དེ་ནི་སངས་རྒྱས་བསྟན་པ་ཡིན། །”ཞེས་པའི་བཀའ་ལ་ཡིད་ཆེས་བརྟན་པོ་བྱེད་དགོས་པའི་སློབ་གསོ་དང་ཁྲིད་སྟོན་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བས་སྣེ་ཁྲིད་བྱས་ཤིང་། དུས་རབས་ཀྱི་སྤྱོད་བཟང་དར་སྤེལ་ཧུར་ཐག་བཏང་ཐོག ལུགས་རྙིང་སྲོལ་ངན་དོར་བ་དང་། བཀས་བཀོད་རྒྱུད་འཛིན་གྱི་རྨོངས་དད་བསམ་བློར་མཐའ་གཅིག་ཏུ་བཀག་འགོག་བྱེད་པ། གོམས་སྲོལ་ངན་པར་འགྱུར་ལྡོག་དང་། གྲོན་ཆུང་བསྲི་ཚགས་བྱེད་དགོས་པའི་འབོད་སྐུལ་ཧུར་ཐག་བྱས་ཡོད། “དགོན་སྡེར་བཅའ་ཁྲིམས་ཁྱབ་གདལ”དང“རྒྱལ་དར་བསྒྲེངས་ནས་རྒྱལ་གླུ་ལེན་ཞིང་རྒྱལ་དར་འོག་ཏུ་གཏམ་བཤད་སྤེལ་བའི”བྱེད་སྒོ་སོགས་ལ་ཧུར་ཐག་ཞུགས་པ་དང་། རང་གིས་སྣེ་ཁྲིད་དེ《རྩ་ཁྲིམས》དང《ཆོས་ལུགས་ལས་དོན་སྲོལ་ཡིག》 《བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་དོ་དམ་བྱ་ཐབས》སོགས་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་སློབ་སྦྱོང་བྱས་ཏེ། དགོན་པའི་དགེ་འདུན་པ་རྣམས་ཀྱིས་འདུལ་བ་དགེ་རྒན་དུ་འཛིན་རྒྱུའི་སློབ་གསོ་ཁྲིད་སྟོན་བྱས་པ་དང་། “རྒྱལ་པོའི་བཀའ་ལ་བཀུར་ཞིང་། འདུལ་བའི་ཁྲིམས་ལས་མི་འགལ་བ”བྱེད་པའི་བསླབ་བྱ་ཡིད་ལ་བཟུང་སྟེ། རང་གིས་རང་ལ་དོ་དམ་དང་། རང་གིས་རང་ལ་སློབ་གསོ། རང་གིས་རང་ལ་གཅུན་འདོམས་བཅས་བྱེད་པའི་ནུས་པ་ཆེ་རུ་བཏང་བ། ཁྲིམས་ལྟར་དགོན་པ་སྐྱོང་བ་དང་། ཆོས་ལུགས་ནན་སྐྱོང་བྱས་ཏེ། ཆོས་ལུགས་ཞི་དུལ་དང་། སྤྱི་ཚོགས་ཞི་མཐུན། མི་རིགས་འཆམ་མཐུན་བཅས་ཀྱི་རྣམ་པ་བཟང་པོར་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱས་ཡོད།

    ཙན་དན་དགོན་པའི་རྒྱ་ཆེའི་དགེ་འདུན་པ་རྣམས་ཀྱིས་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཆོག་གིས་བསྩལ་བའི“ཆབ་སྲིད་ཐད་བློས་འཁེལ་བ་དང་། ཆོས་ལུགས་ཐད་ཐོས་བསམ་ཟབ་པ། ཀུན་སྤྱོད་ཐད་དམངས་མགུ་བ། འགག་རྩའི་དུས་སུ་ནུས་པ་ཐོན་པ”བཅས་དགོས་པའི་སློབ་སྟོན་ཟབ་མོ་བློ་ལ་བརྟན་པོར་ངེས་ཏེ། “ཚད་གཞི་བཞི”ལ་བརྩི་བཀུར་དང“བཟང་པོ་བཞི་ལྡན་གྱི་གྲྭ་བཙུན”བརྩོན་ལེན་བྱ་རྒྱུ་དེ་བསམ་བློའི་ཕྱོགས་སྟོན་དང་། བྱ་སྤྱོད་ཀྱི་ཚད་གཞི། འབད་བརྩོན་གྱི་ཁ་ཕྱོགས་བཅས་སུ་བརྩི་རྒྱུ་མཐའ་འཁྱོངས་བྱས་ཡོད། ཆོས་ཕྱོགས་ལས་རིགས་ཀྱི་འཐུས་མི་ཞིག་ཡིན་པའི་ངོས་ནས། དགེ་འདུན་པ་ཚོར“གཏན་འཁེལ་གཉིས”ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་ཁྲིད་སྟོན་ཧུར་ཐག་བྱས་ཏེ། རང་རྟོགས་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲོག་ཤིང་གནས་བབ་སེམས་སུ་བརྟན་པོར་བཅངས་ནས། དུས་དང་རྣམ་པ་ཀུན་ཏུ་ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་དང་བསམ་སྤྱོད་གཅིག་མཐུན་དང་། བློ་ཁ་གཅིག་ཕྱོགས། བསམ་སྦྱོར་གཅིག་མཚུངས་བཅས་བྱས་ཡོད། དགེ་འདུན་པ་རྣམས་ཀྱིས་རང་འགུལ་ངང་དབུལ་སྒྲོལ་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་ལ་རྒྱབ་སྐྱོར་དང་རོགས་རམ་བྱེད་པར་ཁྲིད་སྟོན་ཧུར་ཐག་བྱས་ཏེ། སྤྱི་དམངས་ཀྱི་འོས་འགན་དང་སྤྱི་ཚོགས་ཀྱི་འགན་འཁྲི་ཧུར་ཐག་ཁུར་ཡོད། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་ལེན་གཏིང་ཟབ་བསྟར་ཏེ། དད་ལྡན་མང་ཚོགས་ཚོར་ཁོར་ཡུག་སྲུང་སྐྱོང་དང་བདེ་འཇགས་ལྡན་པའི་སྒོ་ནས་སྐུ་བསང་འབུལ་བ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་ཚེ་ཐར་གཏོང་བ་དང་རླུང་དར་འཛུགས་པ། ཆོས་ལུགས་ཀྱི་འཛད་སྤྱོད་ལུགས་མཐུན་བྱེད་པ་བཅས་ལ་ཁྲིད་སྟོན་བྱས་ཏེ། རང་བྱུང་ཐོན་ཁུངས་ལ་གྲོན་ཆུང་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བཅས་བྱ་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་དགོས་པའི་སློབ་གསོ་བརྒྱབ་ཡོད། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་ཏཱ་ལའི་རུ་ཚོགས་ཀྱི་ལོག་སྤྱོད་ངོ་བོར་ཐེར་འདོན་དང་དགག་རྒྱག་གཏིང་ཟབ་བྱས་ཏེ། རང་རྟོགས་ངང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་ཏཱ་ལའི་རུ་ཚོགས་དང་དབྱེ་མཚམས་གསལ་པོ་ཕྱེ་ནས། ཁ་ཕྲལ་ལ་ངོ་རྒོལ་དང་། མེས་རྒྱལ་གོང་བུ་གཅིག་གྱུར་ལ་སྲུང་སྐྱོང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་སྟེ། དགོན་སྡེའི་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་ལ་བརྟེན་ནས་བོད་ཡུན་རིང་བདེ་འཁོད་ཡོང་བར་སྐུལ་འདེད་གཏོང་གི་ཡིན།

    ཕྱིས་འབྱུང་། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་སློབ་དང་མངགས་བཅོལ་ཟབ་མོ་ཐོག་མཐའ་བར་གསུམ་དུ་བློ་ལ་བརྟན་པོར་ངེས་ཐོག “འདུ་ཤེས་གསུམ”ལག་ལེན་ནན་ཏན་བསྟར་ཏེ། དགོན་སྡེ་ཞི་མཐུན་དང་། བསྟན་དོན་ལམ་ལྷོངས། ཆོས་ལུགས་འཆམ་མཐུན་བཅས་ཡོང་བར་ནུས་པ་ཧུར་ཐག་འདོན་གྱི་ཡིན།

    (གཏམ་བཤད་ཀྱི་ནང་དོན་ཚང་མ་ཀྲུང་གུང་བོད་རང་སྐྱོང་ལྗོངས་འཐབ་ཕྱོགས་གཅིག་གྱུར་པུའུ་ནས་མཁོ་འདོན་བྱས་པ་གཞིར་བཟུང)

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།