ཤིས་ཚིག་ནོར་བུ་དགའ་འཁྱིལ།
རབ་ཡངས་འཛིན་མའི་ཁྱོན་གྱི་བཀྲ་ཤིས་དཔལ། །
རབ་མཛེས་འགྲོ་བའི་བུ་གར་སྙན་པའི་གཏམ། །
རབ་བསྔགས་དུས་ཀྱི་སྣེ་མོ་གསར་པའི་མདངས། །
རབ་ཏུ་བཟང་ངོ་ཤིས་པའི་དགེ་ལེགས་འཕེལ། །
ནམ་མཁའི་དབྱིངས་སུ་ཉི་ཟླ་སྐར་གསུམ་བཀྲ །
བཀྲ་ཤིས་རྟགས་བརྒྱད་ས་གཞིའི་ཀློང་དུ་འཁྱིལ། །
འཁྱིལ་ལེར་འཛུམ་པའི་རྒན་དར་གཞོན་གསུམ་ཞལ། །
ཞལ་ཟས་སྣ་བརྒྱའི་དབུས་སུ་སྒེག་ཉམས་དོད། །
དགའ་སྟོན་དུས་བཟང་བཟང་པོའི་འཚམས་འདྲི་བཅས། །
མི་ཡི་ལུས་བཟང་བཟང་སྤྱོད་གཤིས་ཀས་ཕྱུག །
ནོར་ཕྱུག་གཡང་བཟང་བཟང་དྲུག་རྩྭ་ཆུ་འཛོམས། །
བཀྲ་ཤིས་དཔལ་བཟང་བཟང་ཆ་ཀུན་ཀྱང་རྫོགས། །
ཀ་ཤིའི་ལྷ་དར་དཀར་པོས་སྣ་དྲངས་ཏེ། །
ཁ་གཡང་བཟང་པོ་གནམ་ལོ་གསར་པར་སྒྲོག །
ག་ལ་གང་འཚམ་ཟ་འཐུང་ལོངས་སྤྱོད་བཅས། །
ང་ཅག་དུས་ཀུན་ཞི་བདེར་རོལ་བར་སྨོན། །
ཕུན་སུམ་ཚོགས་པར་གྱུར་ཅིག་བདེ་ལེགས་དཔལ། །
བཟང་པོའི་དོན་ཡང་ཚེགས་མེད་འགྲུབ་པར་ཤོག །
ལྷག་པར་འགྲོ་བ་མི་དང་རང་བྱུང་ཁམས། །
ནམ་ཡང་ཞི་མཐུན་མཉམ་གནས་ཡོང་བར་ཤོག །