སྨོན་ཚིག་མུ་ཏིག་དོ་ཤལ།
མཁའ་ནས་བཀྲ་ཤིས་དྲོད་འཇམ་ཉི་མ་ཤར། །
བར་སྣང་བཀྲ་ཤིས་སྤྲིན་དཀར་འཇའ་ཡིས་བརྒྱན། །
ས་ལ་བཀྲ་ཤིས་གནམ་ལོ་གསར་ཚེས་འདིར། །
རྟེན་འབྲེལ་བཀྲ་ཤིས་གླིང་བུ་གུས་མོས་འབུད། །
རྒྱལ་ཁམས་བདེ་འཁོད་དམག་དང་མུ་གེ་མེད། །
སྤྱི་ཚོཊ་འཆམ་མཐུན་དཔལ་ཡོན་ཉིན་བཞིན་འཕེལ། །
བཟའ་ཚོ་འཆམ་ཞིང་ཁྱིམ་ཚང་སྐྱིད་པ་ཡི། །
སྨོན་ཚིག་ལེགས་སྐྱེས་འཛམ་གླིང་ཡོངས་ལ་འབུལ། །
རྒན་པའི་ཚེ་ཐག་ཆུ་ལས་རིང་བ་དང་། །
བྱིས་པའི་བློ་རིག་མེ་ཏོག་ལྟར་བཀྲ་བ། །
དར་མའི་བྱ་གཞག་དབྱར་མཚོ་རྒྱས་པ་ལྟར། །
ཡོང་བའི་རྟེན་འབྲེལ་བདག་གིས་སྙིང་ནས་ཞུ། །
རྒན་པར་བྱམས་ཤིང་བྱིས་པ་བརྩེ་བས་སྐྱོང་། །
གྲོགས་ལ་དུང་ཞིང་རང་བཞིན་དྲང་བ་སོགས། །
ཡ་རབས་མི་ཡི་རྒྱན་ཆ་བཟང་པོ་འདི། །
རྐང་གཉིས་ཡོངས་ལ་ལྡན་པའི་སྨོན་ལམ་འདེབས། །
ཕུགས་འདུན་ཆེད་དུ་ཤེས་བྱར་བརྩོན་པ་དང་། །
འཚོ་བའི་དོན་དུ་ལས་ལ་འབད་པ་སོགས། །
མདོར་ན་ཆེ་ཆུང་བྱ་བ་གང་བྱས་ཀྱང་། །
བསམ་དོན་ཡིད་བཞིན་འགྲུབ་པའི་རྟེན་འབྲེལ་ཞུ། །
ཞིང་པར་ལོ་ལེགས་ཆར་ཆུ་དུས་སུ་འབབ། །
འབྲོག་པར་ནོར་ཕྱུགས་འཕེལ་ཞིང་གོད་ཁ་ཞི། །
སྐྱེ་ཁམས་གཏོར་བརླག་མེད་པའི་ཐོན་སྐྱེད་སོཊ། །
ཅི་བསམ་ལྷུན་གྱིས་འགྲུབ་པའི་སྨོན་ལམ་འདེབས། །
གནམ་ལོ་གསར་པའི་ཉི་གཞོན་དགུང་ནས་ཤར། །
དྲོ་སྐྱིད་རྟེན་འབྲེལ་ཉི་འོད་ས་གཞིར་ཁྱབ། །
སྐལ་བཟང་རྫོགས་ལྡན་གསར་པའི་ཉིན་མོ་འདིར། །
བཀྲ་ཤིས་སྨོན་ཚིག་འཛམ་གླིང་ཡོངས་ལ་འབུལ། །