རྒྱ་བོད་ཡིག་སྒྱུར་སྐབས་རྒྱ་བོད་རིག་གནས་ཀྱི་ཁྱད་པར་དང་རྒྱུན་འཇགས་ཐ་སྙད་ལ་དོ་སྣང་བྱེད་དགོས་པའི་གལ་ཆེའི་རང་བཞིན་སྐོར་གླེང་བ།
འཛམ་གླིང་ཐོག་གི་མི་རིགས་གང་འདྲ་ཞིག་ཡིན་རུང་རང་སོ་སོའི་རིག་གནས་དང་མཐུན་པའི་སྐད་ལུགས་ཡིག་སྲོལ་མི་འདྲ་བ་རེ་ཆགས་ཡོད། རང་ཅག་གངས་ཅན་ཁ་བའི་ཡུལ་ལ་མཚོན་ན། སྐད་ལུགས་ཡིག་སྲོལ་ཐད་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་དང་། ཡུལ་སྲོལ་གོམས་གཤིས། རྟོགས་པའི་བློ་ནུས་སོགས་ལས་གྲུབ་པའི་སྐད་རིགས་གཞན་དང་མི་གཅིག་པའི་སྒྲ་སྦྱོར་ཡི་གེའི་བརྡ་དག་དང་། ཐ་སྙད་འཇུག་པར་བྱེད་པའི་ཆོས། བརྗོད་པའི་སྤྱོད་ཡུལ་གྱི་གནས་སོགས་ཐུན་མིན་གྱི་ཁྱད་ཆོས་དེ་དག་དང་རྒྱའི་སྐད་ཡིག་གི་བརྗོད་དོན་མཚོན་སྟངས་དབར་མི་མཐུན་པའི་ཆ་མང་པོ་ཡོད།
ཨ་རིའི་ལོ་ཙཱའི་གཞུང་ལུགས་མཁས་ཅན་ཡེའུ་ཅིང•ནེ་ཏས(尤金•奈达)“ཡིག་སྒྱུར་ནི་རིག་གནས་མི་འདྲ་བ་གཉིས་བརྗེ་རེས་བྱེད་པའི་ལས་དོན་ཞིག་ཡིན་པ་དང་། སྒྱུར་ཡིག་ཚད་ལྡན་ཞིག་ཡོང་དགོས་ན་ལོ་ཙཱ་བས་རིག་གནས་མི་གཅིག་པ་གཉིས་ལ་རྒྱུས་མངའ་ཡང་དག་ཡོང་བ་བྱ་རྒྱུ་དེ་སྐད་རིགས་མི་འདྲ་བ་གཉིས་ལ་བྱང་ཆུབ་པ་ལས་དེ་བས་གལ་ཆེའོ། གང་ལགས་ཤེ་ན། མིང་ཚིག་གང་འདྲ་ཞིག་ཡིན་རུང་རིག་གནས་ཀྱི་གཞི་རྟེན་ལས་གྲུབ་དགོས་པ་ཡིན”ཞེས་གསུངས་ཡོད། དེས་ན་ཡིག་སྒྱུར་གྱི་བྱེད་སྒོ་གང་འདྲ་ཞིག་ཡིན་རུང་ཡིག་སྒྱུར་བྱེད་མཁན་གྱིས་ཡིག་རིགས་གཉིས་ཀྱི་རིག་གནས་ལ་རྒྱུས་མངའ་མེད་ཕྱིན། མ་ཡིག་གི་བརྗོད་བྱ་ལས་བསྟན་པའི་དོན་རྣམས་ཡང་དག་པའི་སྒོ་ནས་རྟོགས་མི་ཐུབ་ལ། མ་ཡིག་གི་བསྟན་དོན་བུ་ཡིག་ཏུ་བསྒྱུར་ཀྱང་ཡང་དག་ཞིག་ཡོང་དཀའ། གལ་ཏེ་ལོ་ཙཱ་བར་རིག་གནས་མི་འདྲ་བ་གཉིས་ལ་རྒྱུས་མངའ་ངེས་ཅན་ཞིག་མེད་པ་དང་རིག་གནས་ཀྱི་འདུ་ཤེས་ངེས་ཅན་ཞིག་མེད་པ་མ་ཟད། རིག་གནས་ཀྱི་རྒྱབ་ལྗོངས་ལ་དོ་སྣང་མེད་ཕྱིན་ཀློག་པ་པོ་མི་འདྲ་བས་མ་ཡིག་གི་ནང་དོན་ལ་གོ་བ་ལེན་སྟངས་ཐད་ཁྱད་པར་ཡོང་བ་དང་ཐ་ན་ནང་དོན་གོ་བ་ལོག་སྒྲུབ་ཡོང་གི་ཡོད། དཔེར་ན། བོད་རྒྱ་མི་རིགས་གཉིས་ཀྱི་རིག་གནས་སམ་གོམས་སྲོལ་ཁྲོད་ཁ་དོག་གམ་ཚོས་གཞི“དཀར་པོ་དང་དམར་པོ”གཉིས་དབར་གྱི་མཚོན་དོན་ལ་ཁྱད་པར་ཆེན་པོ་ཡོད་དེ། རྒྱའི་རིག་གནས་ཁྲོད་ཁ་དོག་དཀར་པོ་ནི་བྱ་བ་མི་བཟང་བ་མཚོན་པར་བྱེད་ཀྱི་ཡོད་པ་སྟེ། མི་ཚེ་ལས་འདས་པའི་འདས་མཆོད་ལ“白事”ཟེར་བ་དང་། “白白浪费”ལྟ་བུ་དོན་མེད་འཕྲོ་བརླག་གཏོང་བར་འཇུག་པ་དང་། ཁ་དོག་དམར་པོ་ནི་ལེགས་པ་མཚོན་པ་སྟེ། ཚོང་ལམ་འགྲོ་རྒྱུག་པར“生意红红火火”ཟེར་བ་དང་། གང་ཟག་གང་ཞིག་ལམ་འགྲོ་ཤིན་ཏུ་རྒྱུག་པར“大红大紫”ཟེར་སྲོལ་ཡོད་པ། དེ་བཞིན་ལོ་གསར་སོགས་སུ་ལྒང་བཞུ་དམར་པོ་འགེལ་བ་སོགས་བྱེད་ཀྱི་ཡོད། འོན་ཀྱང་། བོད་མི་རིགས་ཀྱི་རིག་གནས་ཁྲོད་དཀར་པོ་ནི་བཀྲ་ཤིས་པ་དང་བཟང་པོའི་དོན་ལ་འཇུག་པ་སྟེ། “བློ་སེམས་དཀར་བའི་མི”དང“རྣམ་དཀར་དགེ་བའི་ལས”ཟེར་བ་སོཌ་དང་། དམར་པོ་ནི“དམར་མཆོད་ཕུལ” “ལག་དམར་བ”སོགས་ལྟ་བུ་མི་བཟང་བའི་དོན་ལ་གོ་བ་ལེན་གྱི་ཡོད།
དེ་བཞིན་ཡིག་སྒྱུར་སྐབས་བུ་ཡིག་གི་རྒྱུན་འཇགས་ཐ་སྙད་བེད་སྤྱོད་མང་ཙམ་བྱེད་པའི་ཐད་ངེས་པར་དུ་ཤུགས་སྣོན་རྒྱག་དགོས། བོད་སྐད་ཡིག་ནི་རང་ཚུགས་ཐུབ་པའི་སྐད་ཡིག་ཅིག་ཡིན་པའི་ངོས་ནས་བརྡ་ཆད་དང་ཐ་སྙད་ཕུན་སུམ་ཚོགས་པོ་ཡོད་པ་ནི་བརྗོད་མི་དགོས་པ་ཞིག་རེད། ཡིག་སྒྱུར་བྱེད་སྐབས་སྤྱི་ཚོགས་འཚོ་བའི་ཁྲོད་ཀྱི་རྒྱུན་འཇགས་ཐ་སྙད་དེ་དག་ཡང་དག་པའི་སྒོ་ནས་བེད་སྤྱོད་བྱས་ཏེ་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱིས་གོ་བདེ་ཞིང་ཤེས་སླ་བ་ཞིག་ཡོང་བ་བྱ་རྒྱུ་ནི་འགག་རྩ་རེད། སྤྱི་ཚོགས་འཕེལ་རྒྱས་འགྲོ་བ་དང་བསྟུན་ནས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བ་ལའང་དུས་བསྟུན་གྱི་འགྱུར་ལྡོག་ཆེན་པོ་འགྲོ་བཞིན་ཡོད། ད་ལྟའི་ངོས་ནས་བརྗོད་ཚེ་ཏང་གི་ཡང་དག་སྲིད་ཇུས་བཟང་པོའི་དྲིན་ལས་མང་ཚོགས་ལ་དུས་རབས་ཀྱི་འཕེལ་འགྲོས་དང་མཐུན་པའི་ཐོན་དངོས་གང་མཁོ་བེད་སྤྱོད་བྱེད་རྒྱུ་ཡོད་པས། འཛམ་གླིང་ཐོག་གི་ཤེས་བྱ་མང་དག་ཅིག་ཀྱང་ཤེས་ཚད་མཐོ་རུ་འགྲོ་བ་དང་ཐ་སྙད་གསར་པ་མང་དག་ཅིག་མང་ཚོགས་ཀྱི་ཁྲོད་དུ་མ་གྲོས་གཅིག་མཐུན་ངང་བེད་སྤྱོད་བྱེད་བཞིན་མཆིས། དེས་ན། ང་ཚོས་མང་ཚོགས་ཀྱི་འཚོ་བའི་ཁྲོད་ཁ་རྒྱུན་དུ་འཇགས་པའི་ཐ་སྙད་དེ་རྣམས་རེ་རེ་བཞིན་དུ་བེད་སྤྱད་ན་མང་ཚོགས་ཀྱིས་གོ་དོན་རྟོགས་སླ་བར་ཕན་པ་ཤིན་ཏུ་ཆེན་པོ་ཡོད། དཔེར་ན། “处方”ཞེས་པར་ལོ་ཙཱ་བ་འགའ་རེས་དོན་དངོས་ཀྱི་འཚོ་བར་ཟབ་འཇུག་དང་ཞིབ་འཇུག་མེད་པར་ཐད་ཀར་སྨན་ཐོ་ཞེས་སྒྱུར་གྱི་ཡོད། འོན་ཀྱང་ང་ཚོ་སྨན་ཁང་དུ་འགྲོ་སྐབས་མིང་ཚིག་དེ་དག་ལ་སྣང་བ་ཏོག་ཙམ་བཞག་ན། ནད་པ་དང་ནད་གཡོག་ཚོས་ཨེམ་རྗེ་ལགས་ང་ལ་སྨན་ཤོག་ཅིག་འབྲི་རོགས་ཞེས་བརྗོད་པ་ཤེས་སྲིད། མང་ཚོགས་ཀྱིས་ཐ་སྙད་དེ་ལྟ་བུ་སྔར་ནས་ད་བར་བེད་སྤྱོད་བྱེད་ཀྱི་ཡོད་པས་ང་ཚོས་སླར་ཡང་གསར་བཟོ་བྱེད་པའི་དགོས་པ་ཅི་ཡང་མེད། ཐ་སྙད་དེ་རིགས་ནི་གོ་བདེ་བ་དང་དོན་ལ་འཇུག་པས་གསར་བཟོ་བྱས་པ་ལས་ལེགས་པ་ཡོད་སྟབས་ང་ཚོས་མང་ཚོགས་ཁྲོད་རྒྱུན་འཇགས་སུ་ཕྱིན་པའམ་བེད་སྤྱོད་བྱེད་པའི་ཐ་སྙད་དེ་རིགས་སྤྱོད་ཤེས་པ་དང་སྤྱོད་དགོས་ངེས་རེད། དེ་དང་དེ་འདྲ་བ་ཤིན་ཏུ་མང་ཡང་གོ་ཤེས་ཅན་ལ་གཅིག་གིས་ཆོག་ཅེས་པ་ལྟར་གཞན་རྣམས་འདིར་རེ་རེ་བཞིན་བརྗོད་མི་དགོས་པར་བྱའོ། རྒྱ་བོད་ཡིག་སྒྱུར་གྱི་བྱ་བར་འཇུག་སྐབས། བོད་སྐད་ཡིག་གི་ཁྱད་ཆོས་དང་ཚིག་དོན་རྣམས་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པར་བྱས་ཏེ་མ་ཡིག་གི་བརྗོད་བྱའི་ནང་དོན་རྣམས་ཁ་གསལ་པོ་ཞིག་མཚོན་པར་བྱ་རྒྱུ་ནི་གལ་ཧ་ཅང་ཆེ་བའི་གནད་ཅིག་རེད། བོད་སྐད་ཡིག་ལ་མཚོན་ན། ཡི་གེ་གཅིག་མཚུངས་ཡིན་པ་གང་ཞིག་ཡུལ་སྐད་ཆེན་པོ་གསུམ(དབུས་སྐད་དང་ཁམས་སྐད། ཨ་མདོའི་སྐད)དུ་དབྱེ་བ་དང་། དེ་དག་གསུམ་པོར་ཡང་བྱེ་བྲག་ཡུལ་སྐད་མི་འདྲ་བ་མང་པོ་དབྱེ་རྒྱུ་ཡོད། འོན་ཀྱང་། གཅིག་མཐུན་གྱི་ཁྱད་ཆོས་ལྡན་པའི་ཡིག་སྐད་ཀྱི་ལམ་ནས་བྲིས་ཚེ། བོད་ཁུལ་ཚང་མས་བརྗོད་བྱའི་ནང་དོན་གོ་ཐུབ་ཀྱི་ཡོད། དཔེར་ན། བོད་དུ་གསོ་རིག་དར་ནས་ལོ་ངོ་སྟོང་ཕྲག་འདས་ཟིན་པ་དང་རྒྱུད་བཞིས་མཚོན་པའི་རིགས་པའི་གཞུང་ལུགས་ཆ་ཚང་པོ་ཞིག་ཡོད། གཞུང་ལུགས་དེ་ལྟ་བུའི་ནང་གསོ་རིག་གི་ཐ་སྙད་མང་པོ་ཞིག་བཙལ་ན་རྙེད་ཐུབ་པ་ཞིག་ཡིན་ཡང་ང་ཚོ་ཡིག་སྒྱུར་ལས་ལ་ཞུགས་མཁན་ཚོས་འབྲེལ་ཡོད་ཀྱི་ཡིག་ཆ་དེ་དག་འཚོལ་བཤེར་གྱི་ངལ་བ་དང་དུ་མ་བླངས་པར་སྒྱིད་ལུག་དང་འཕྲལ་སེལ་སླ་བཅོས་ཀྱིས་ཐ་སྙད་རེ་ཐོན་སྐབས་རང་སྣང་གང་ཤར་དང་རང་འདོད་དུ་གསར་བཟོ་བྱེད་རྐྱང་བྱེད་པའམ་ཡང་ན་རྒྱ་བོད་ཚིག་མཛོད་ཁོ་ནར་བརྟེན་པ་ལས་དེ་སྔ་ནས་རྒྱུན་འཇགས་སུ་ཡོད་པའི་ཐ་སྙད་བེད་སྤྱོད་བྱེད་པ་ཉུང་ཉུང་རེད། དཔེར་ན། “癌症”ཞེས་པར་བོད་ལུགས་གསོ་རིག་གཞུང་ཆེན་རྒྱུད་བཞིའི་ནང་འབྲས་ནད་ཅེས་འཁོད་ཡོད་པ་དང་། རྒྱ་བོད་ཚིག་མཛོད་ཆེན་མོའི་ནང་འབྲས་སྐྲན་ཞེས་འབྲས་ནད་དང་སྐྲན་ནད་གཉིས་གཅིག་ཏུ་བསྡུས་ནས་བཀོད་ཡོད། དེས་ན་ཡིག་སྒྱུར་བ་ཚོས་རྒྱུན་དུ་སྤྱོད་མང་ཤོས་སུ་གྱུར་པ་ནི་རྒྱ་བོད་ཚིག་མཛོད་ཆེན་མོའི་ནང་འཁོད་པའི་འབྲས་སྐྲན་ཞེས་པ་བེད་སྤྱོད་བྱེད་པ་ལས་བོད་ལུགས་གསོ་རིག་གཞུང་ཆེན་ནང་འཁོད་པའི་འབྲས་ནད་ཅེས་པ་བེད་སྤྱོད་བྱེད་མཁན་སྤྱིར་ན་ཧ་ཅང་ཉུང་ཉུང་རེད། གཞན་ཡང་། “青光眼”ཞེས་པར་བོད་ལུགས་གསོ་རིག་གཞུང་ཆེན་ནང་གདུང་བའི་མིག་ནད་ཅེས་གསལ་པོར་འཁོད་ཡོད་པ་དེ་ནི་ནད་རྟགས་ལ་བརྟེན་ནས་ཐ་སྙད་དེར་བཏགས་པའི་མིང་ཞིག་རེད། འོན་ཏེ། བོད་རྒྱ་ཚིག་མཛོད་ཆེན་མོའི་ནང་སྔོ་གྲིབ་ཅེས་འཁོད་འདུག་པ་དེ་ནི་ཐད་སྒྱུར་བྱས་པ་ཞིག་ཡིན་པས་དོན་དངོས་ཐོག་གཞུང་ལུགས་ནང་འཁོད་པ་ལྟར་བེད་སྤྱད་ན་ཐ་སྙད་དོན་ལ་འཇུག་པའི་ནུས་པ་ཐོན་ཐུབ་པར་སྙམ་ལ། དེ་དང་དེ་འདྲ་བའི་སྣང་ཚུལ་རྒྱུན་དུ་མཐོང་རྒྱུ་ཡོད། དེའི་ཐོག་ནས་ལོ་ཙཱ་བས་བོད་ཀྱི་གསོ་རིག་གཞུང་ལུགས་ནང་ཐ་སྙད་དེའི་རིགས་ཡོད་མེད་རྩ་བ་ནས་མི་འཚོལ་བའམ་ཡང་ན་སྔར་ནས་ཡོད་པའི་ཐ་སྙད་དེ་དག་འཚོལ་རྒྱུར་འཚེར་སྣང་བྱས་པ་གང་ཞིག་ཡིན་རུང་ཐ་སྙད་དེ་རིགས་བོད་ལུགས་གསོ་རིག་གཞུང་དུ་ཡོད་བཞིན་དུ་གསར་བཟོ་བྱེད་པ་ནི་མི་མཁས་མཁས་ཚུལ་བྱས་པ་ལས་ཡིག་སྒྱུར་གྱི་བྱ་བར་ཕན་འདོགས་གང་ཡང་མེད་པའི་རྒྱུར་གྱུར་པ་ཞིག་ཡིན་སྟབས་ང་ཚོ་ཡིག་སྒྱུར་བ་ཚོས་སྔར་ཡོད་ཀྱི་ཐ་སྙད་འཚོལ་རྒྱུ་དང་དེ་དག་གང་མང་བེད་སྤྱོད་བྱེད་རྒྱུའི་དགོས་གལ་ཤིན་ཏུ་ཆེ།
དེར་བརྟེན། ལོ་ཙཱའི་ཁྲོད་ཀྱི་རིག་གནས་ཀྱི་ཁྱད་པར་ནི་བྱ་བ་གསར་པ་ཞིག་དང་གནད་དོན་གསར་པ་ཞིག་གཏན་ནས་མ་ཡིན། གལ་ཏེ་ལོ་ཙཱ་བར་རིག་གནས་ཀྱི་འདུ་ཤེས་ངེས་ཅན་ཞིག་མེད་པ་དང་རིག་གནས་ཀྱི་རྒྱབ་ལྗོངས་ལ་དོ་སྣང་མེད་ཕྱིན། ཀློག་པ་པོ་མི་འདྲ་བས་མ་ཡིག་གི་ནང་དོན་ལ་གོ་བ་ལེན་སྟངས་ཐད་ལའང་ཁྱད་པར་ཡོང་བ་དང་། ཐ་ན་གོ་བ་ལོག་སྒྲུབ་ཡོང་གི་ཡོད་པས་མི་རིགས་སོ་སོའི་རིག་གནས་ཀྱི་ཁྱད་པར་ལ་ཤེས་རྟོགས་དང་རྒྱུས་ལོན་བྱ་རྒྱུ་དེ་གལ་འགངས་ཆེ་བའི་གནད་ཅིག་དང་ཡིག་སྒྱུར་ལས་དོན་གྱི་སྔོན་འགྲོའི་ཆ་རྐྱེན་ཞིག་ཀྱང་ཡིན། དེ་བཞིན་ཡིག་སྒྱུར་ལས་དོན་ཁྲོད་རྒྱུན་འཇགས་ཐ་སྙད་དེ་དག་ཡང་དག་ངང་བེད་སྤྱོད་བྱས་ཏེ་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱིས་གོ་བདེ་ཤེས་སླ་ཡོང་བ་བྱེད་པ་ནི་དོན་གྱི་གནད་དམ་པའོ།