དབུ་ཤོག>བོད་ཀྱི་རིག་གནས།>མི་སྣ།
  • དབྱིན་ཇི་རྒྱལ་ཁབ་དུ་རབ་འབྱམས་པའི་སློབ་ཐོན་མཛད་སྒོའི་ཐོག་ཀོང་པོའི་བོད་ཆས་གྱོན་པའི་བུ་མོ་འདི་མངོན་གསལ་སུ་ལས་དོད་པར་གྱུར།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-12-25

    ཟླ་12ཚེས་13ཉིན་ནི་བྱང་ཆུབ་སྒྲོལ་མའི་མི་ཚེའི་ཁྲོད་བཀྲ་ཤིས་པའི་ཉིན་མོ་ཞིག་ཡིན་ཞིང་། དེ་ཉིན་ཁོ་མོས་དབྱིན་ཇིའི་ཨེ་ཁེ་སེ་ཐེའི་སློབ་ཆེན་གྱི་རབ་འབྱམས་པའི་སློབ་ཐོན་མཛད་སྒོའི་ཐོག་ལུས་ལ་གོས་ཆེན་ཕྱུ་པའི་ཐོག་ཀོང་པོའི་མགོ་ཤུབས་གྱོན་པ་དང་། མགོ་ལ་ཆེས་ཁྱད་ཆོས་ལྡན་པའི་བསམ་གླིང་ཞྭ་མོ་གྱོན་ཡོད་པས་མི་ཚོགས་ཁྲོད་ཤིན་ཏུ་མངོན་གསལ་དོད་པར་གྱུར།

    ང་ཚོ་བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གི་གསར་འགོད་པས་འཕྲལ་མར་དྲ་ལམ་བརྒྱུད་ནས་བྱང་ཆུབ་སྒྲོལ་མར་བཅར་འདྲི་བྱས་ཤིང་། ཁོ་མོས“ངའི་གྱོན་གོས་འདི་ནི་བོད་ལྗོངས་ཀྱི་ཀོང་པོའི་ཆེས་ཁྱད་ཆོས་ལྡན་པའི་སྲོལ་རྒྱུན་གྱི་གྱོན་ཆས་ཞིག་ཡིན་པ་དང་། དུས་རྒྱུན་གྱི་ཀོང་པོའི་གྱོན་གོས་དང་བསྡུར་ཚེ་མགོ་ཤུབས་འོག་ལ་སྣམ་བུའི་ཕྱུ་པ་མིན་པར་གོས་ཆེན་གྱི་ཕྱུ་པ་གྱོན་ཡོད། མགོ་ཤུབས་ཀྱི་བྲང་སྟེང་དུ་གོས་ཆེན་གྱི་རི་མོ་དེ་རབ་འབྱམས་པའི་སློབ་གོས་འོག་དེ་བས་མཛེས་པ་འདུག”ཅེས་བཤད།

    བྱང་ཆུབ་སྒྲོལ་མ་གཅིག་པོར་དབང་བའི་གྱོན་གོས་དེ་ནི་ཕ་མ་གཉིས་ཀྱིས་ཆེད་དུ་ཁོ་མོར་འཆར་འགོད་དང་འཚེམ་བཟོ་བྱས་པ་ཞིག་ཡིན་པས་ཕ་མ་གཉིས་ཀྱི་བརྩེ་བ་དང་སྨོན་འདུན་ཡོད་ཚད་མཚོན་པར་བྱས་ཡོད།

    སློབ་ཐོན་མཛད་སྒོའི་ཉིན་མོར་བྱང་ཆུབ་སྒྲོལ་མས་སྨྱན་སྦྱོར་གྱི་སྟེགས་བུའི་ཐོག་ཕ་མ་གཉིས་དང་སྤུན་མཆེད་ཚོར་ཐུགས་རྗེའི་བཀའ་དྲིན་ཞུ་བཞིན“ཨ་མ་ལགས་ཀྱིས་ཁྱིམ་ཚང་དབུལ་པོའི་སྐབས་ང་རང་གི་སློབ་སྦྱོང་ལ་ལྷོད་གཡེང་མ་གནང་བར། སློབ་སྦྱོང་གི་ལམ་བུའི་ཐོག་རེ་སྒུག་དང་སྟོབས་ཤུགས་ཀྱིས་ང་ལ་རོགས་སྐྱོར་ཚད་མེད་གནང་བར་བཀའ་དྲིན་ཆེ་ཞུ”ཞེས་བྱང་ཆུབ་སྒྲོལ་མས་བཤད་།

    བྱང་ཆུབ་སྒྲོལ་མས་དྲ་ལམ་དུ་ཕྱི་རྒྱལ་དུ་སྡོད་རིང་གི་འཚོ་བ་དང་སློབ་སྦྱོང་གི་སྐོར་མཉམ་སྤྱོད་བྱེད་སྐབས་མི་མང་པོས་ཁོ་མོའི་ཁྱིམ་གྱི་འཁོས་ཀ་དྲག་ཞན་སྐོར་ལ་སྐད་ཆ་དྲིས་དུས། ཁོ་མོས“ཕ་མ་གཉིས་ཀྱིས་ངའི་སློབ་སྦྱོང་ལ་རྒྱབ་སྐྱོར་ཤིན་ཏུ་ཆེ། ངའི་ཁྱིམ་ཚང་ནི་བོད་ཀྱི་ཆེས་ཕལ་པའི་ཁྱིམ་ཚང་ཞིག་ཡིན་ཞིང་། ཕ་མ་གཉིས་པོའི་རིག་གནས་ཆུ་ཚད་མཐོ་པོ་མེད། འོན་ཀྱང་ངའི་སེམས་ཁོང་ན་ཆེས་ཕུལ་དུ་བྱུང་བའི་དཔེ་སྟོན་གྱི་ཕ་མ་བཟང་པོ་ཞིག་ཡིན”ཞེས་ལན་འདེབས་ཀྱི་ཡོད།

    མཐོ་རིམ་སློབ་འབྲིང་ཐོན་རྗེས་བྱང་ཆུབ་སྒྲོལ་མ་པེ་ཅིང་ཕྱི་སྐད་སློབ་ཆེན་དུ་ཚུད། སློབ་ཆེན་སྐབས་སུ་ཁོ་མོར་བརྗེ་རེས་སློབ་མའི་མིང་ཐོག་ནས་ཨོ་སི་ཁྲུ་ལི་ཡར་སློབ་སྦྱོང་བྱེད་པའི་གོ་སྐབས་བྱུང་ཡོད། འོན་ཀྱང་འགྲོ་གྲོན་ཆེ་བའི་དབང་གིས་ཁོ་མོས་རང་གི་ཕ་མ་གཉིས་པོར་གནས་ཚུལ་དེ་བཤད་མེད་ཅིང་། ཕྱིས་སུ་ཕ་མ་གཉིས་ཀྱིས་གནས་ཚུལ་དེ་ཤེས་རྟོགས་བྱུང་རྗེས་བློ་ཕམ་ཆེན་པོས་ཁྱིམ་གྱི་ཡོད་ཚད་འཚོང་དགོས་བྱུང་ཡང་ཁོ་མོའི་སློབ་སྦྱོང་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་ངེས་ཡིན་ཞེས་བཤད།

    བྱང་ཆུབ་སྒྲོལ་མ་སློབ་ཆེན་ཐོན་རྗེས་རང་ཉིད་ཀྱི་མི་ཚེའི་འཆར་བཀོད་བཞིན་དབྱིན་ཇིར་སློབ་སྦྱོང་བྱེད་དུ་བསྐྱོད་རྒྱུའི་གདམ་ཀ་བྱས་པ་དང་། ཕ་མ་གཉིས་ཀྱིས་ཀྱང་ཁོ་མོའི་སློབ་སྦྱོང་གི་ལམ་བུར་འགྲོ་སོང་ག་ཚོད་གཏོང་དགོས་བྱུང་ཡང་བློ་འགྱོད་རྩ་བ་ནས་བྱེད་ཀྱི་མེད།

    བྱང་ཆུབ་སྒྲོལ་མས་སློབ་ཐོན་མཛད་སྒོའི་ཐོག་ཀོང་ཆས་གྱོན་དོན་སྐོར་གླེང་སྐབས། ཁོ་མོས“གཅིག་ནས་རང་ཉིད་ཀྱིས་ཐབས་ལམ་འདི་འདྲའི་ཐོག་ནས་མི་ཚེའི་གལ་ཆེན་དུས་ཚིགས་ལ་ཕ་མ་གཉིས་པོའི་སྨོན་འདུན་ཐོབ་འདོད་པ་དང་རང་ཉིད་ཀྱི་ལོ་མང་རིང་གི་གྲུབ་འབྲས་སྤྱན་འབུལ་ཞུ་འདོད་བྱུང་། གཉིས་ནས་ངའི་ཨ་ཕས་ཀོང་པོའི་བོད་ཆས་འཚེམ་སྟེ་ཁྱིམ་ཚང་སྙོར་སྐྱོང་གནང་བས་རང་ཉིད་ལག་ཤེས་མི་སྣའི་བུ་ཕྲུག་ཞིག་ཡིན་པའི་ངོས་ནས་ནུས་པ་ཅུང་ཟད་བཏོན་སྟེ་མི་རིགས་གྱོན་ཆས་ཀྱི་མཛེས་ཉམས་དེ་འཛམ་གླིང་གི་གར་སྟེགས་སུ་ངོམ་སྟོན་བྱས་པ་ཡིན”ཞེས་བཤད།

    བསོད་ནམས་དབང་འདུས་ཀྱིས་སྒྱུར་ཞུས་བྱས།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།