དབུ་ཤོག>བོད་ཀྱི་རིག་གནས།>མི་སྣ།
  • རྫ་དཀར་ཐང་གའི་ལྷ་བྲིས་པ་ཆོས་རྒྱལ་གྱིས་རྫ་དཀར་སྟེང་རི་མོ་བྲིས་ཏེ་སྒྱུ་རྩལ་གྱི་ཕུགས་འདུན་མངོན་འགྱུར་བྱེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-12-17

    ཆོས་རྒྱལ་ནི་ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་ལྷ་ཐོག་ཤང་ནས་ཡིན་ཞིང་། ཆུང་དུས་ནས་རི་མོ་འབྲི་རྒྱུར་དགའ་པོ་ཡོད། “ཆུང་དུས་རི་མོ་འབྲི་ཤོག་དང་ཚོན་ཉོ་བྱེད་དངུལ་མེད་པས་ས་སྟེང་དུ་འབྲི་ཡི་ཡོད”དཀའ་ཚེགས་ཆེ་བའི་ཁོར་ཡུག་འོག ཆོས་རྒྱལ་གྱིས་སློབ་སྦྱོང་གི་གོ་སྐབས་ཚང་མར་གཅེས་སྤྲས་ལྡབ་འགྱུར་བྱེད་ཀྱི་ཡོད།

    ཁོང་གི་ནང་མི་ཚང་མས་ཆོས་རྒྱལ་རི་མོ་འབྲི་རྒྱུར་དགའ་པོ་ཡོད་པ་ཤེས་ཀྱི་ཡོད་ལ་དེ་འབྲེལ་གྱི་ལས་རིགས་གཉེར་རྒྱུར་ཡང་རྒྱབ་སྐྱོར་བྱེད་ཀྱི་ཡོད། སྟེས་དབང་གི་གོ་སྐབས་ཤིག་ལ་ཆོས་རྒྱལ་ཆབ་མདོའི་ལས་རིགས་ལག་རྩལ་སློབ་གྲྭར་ཐང་ག་འབྲི་སྟངས་སྦྱོང་བར་བསྐྱོད་པ་དང་ཕྱིས་སུ་བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་2016ལོའི་སྒྱུ་རྩལ་ཇུས་འགོད་འཛིན་གྲྭའི་སློབ་མ་ཞིག་ཏུ་གྱུར། ཆོས་རྒྱལ་གྱིས་ལས་སླ་པོར་བྱུང་བ་ཞིག་མིན་པའི་སློབ་སྦྱོང་གི་གོ་སྐབས་ལ་གཅེས་སྤྲས་ལྡབ་འགྱུར་བྱས་ཏེ། ཐང་ག་འབྲི་བའི་ཤེས་བྱ་དང་དཔེ་ཆ་བཟོ་སྟངས་སོཌ་ཀྱི་ཐད་ཞིབ་འཇུག་དང་འབད་པ་ཧུར་ཐག་བྱས་པ་རེད།

    2018ལོར་ཆོས་རྒྱལ་བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་གི་སློབ་གྲྭ་དང་ཁེ་ལས་མཉམ་ལས་ཀྱི་དངོས་སྦྱོང་སློབ་མ་ཁག་དང་པོའི་ངོས་ནས་བོད་ལྗོངས་ཁྲེང་ཧྥ་པད་མ་ནོར་མཛོད་རིག་གནས་འཕེལ་རྒྱས་ཚད་ཡོད་ཀུང་སིར་དངོས་སྦྱོང་བྱེད་པར་བསྐྱོད། དེ་གར་ཆོས་རྒྱལ་གྱིས་རྫ་དཀར་གྱི་རི་མོ་འབྲི་སྟངས་ལ་ཐོག་མར་རྒྱུས་མངའ་བྱུང་། ཆོས་རྒྱལ་གྱིས“སྐབས་དེ་དུས་ངའི་བསམ་པར་གལ་ཏེ་རྫ་དཀར་སྟེང་སྲོལ་རྒྱུན་གྱི་ཐང་ག་བྲིས་ཚེ་དེའི་རིན་ཐང་དེ་བས་ཆེ་རུ་འགྲོ་ངེས་རེད་སྙམ་བྱུང་། རྫ་དཀར་ནི་བཞའ་ཚན་མི་ཐེབས་པ་དང་གས་མི་འགྲོ་བ་མ་ཟད། ཡུན་རིང་ཚོས་མི་ལོག་པའི་ཁྱད་ཆོས་ལྡན”ཞེས་བཤད།

    “རྫ་དཀར་དང་ལས་འགྲོ་འདི་འདྲ་ཡོང་གི་རེད་སྙམ་པ་བསམ་པའི་ཡུལ་ལའང་འཁོར་མྱོང་མེད” རང་ཉིད་ཀྱི་ལག་རྩལ་སྔར་བས་ལེགས་སུ་གཏོང་ཆེད། 2023ལོའི་ཟླ་5པར་ཆོས་རྒྱལ་གྱིས་དཀར་ཆས་ཀྱི་ཕ་ས་ཅང་ཤིས་ཅིང་ཏེ་ཀྲེན་དུ་བསྐྱོད་དེ་རྫ་དཀར་སྟེང་རི་མོ་འབྲི་རྩལ་བརྒྱུད་རིམ་ལྡན་པའི་སྒོ་ནས་སྦྱངས། ད་ཆ་ཆོས་རྒྱལ་ནི་ཁྲེང་ཧྥ་པད་མ་ནོར་མཛོད་ཀུང་སིའི་རྫ་དཀར་རི་མོ་སྡེ་ཚན་གྱི་འགན་འཁུར་བ་དང་སློབ་གྲྭ་དང་ཁེ་ལས་མཉམ་ལས་ཀྱི་དངོས་སྦྱོང་སློབ་མའི་དགེ་རྒན་དུ་གྱུར་ཡོད། འདྲ་བཤུས་བརྩམས་ཆོས《སྒྲོལ་ལྗང》ཞེས་པ་སི་ཁྲོན་དུ་འགྲེམས་སྟོན་བྱེད་སྐབས་རིན་གོང་སྒོར་ཁྲི་200རག་པ་རེད།

    ཆོས་རྒྱལ་གྱིས“རང་ཉིད་དགའ་བའི་ལས་ལ་གཞོལ་རྒྱུ་བྱུང་བ་དུས་རབས་འདིའི་བཀའ་དྲིན་ཡིན”ཞེས་ཆོས་རྒྱལ་གྱིས་དུས་རབས་འདིའི་བཀའ་དྲིན་དང་དགེ་རྒན་ཚང་མའི་བཀའ་སློབ་སེམས་དབུས་སུ་བཅངས་པ་མ་ཟད། ཁོང་ལ་རྒྱབ་སྐྱོར་བྱེད་མཁན་ཚོའི་བཀའ་དྲིན་དེ་བས་ཀྱང་ཚོར་ཡོད། འབྱུང་འགྱུར་ལ་རྒྱང་ལྟ་བྱེད་སྐབས། ཁོང་གིས་སྒྱུ་རྩལ་གྱི་ལམ་བུར་མུ་མཐའ་མེད་པས་མུ་མཐུད་སྦྱངས་པ་མཐར་ཕྱིན་བྱས་ན་གཞི་ནས་ཕུགས་བསམ་གྱི་རྒྱ་མཚོར་སླེབས་ངེས་ཡིན་པའི་ཡིད་ཆེས་ཀྱིས་ཁེངས།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།