ང་དང་བོད་ལྗོངས་ཉིན་རེའི་ཚགས་པར།
གཅིག
གཟའ་ཉི་མའི་ཉིན་དེ་ངས་ནམ་ཡང་བརྗེད་པ་མི་འདུག ཕྱི་རོལ་དུ་ཁ་བ་ཐར་ཐོར་ཞིག་འབབ་ཀྱིན་འདུག དེ་ནི་2004ལོ་སྟེ། སྐབས་དེར་ང་ནི་མཐོ་འབྲིང་གི་སློབ་མ་ཞིག་ཡིན། ཉིན་དེར་ང་རང་སློབ་གྲྭའི་དཔེ་མཛོད་ཁང་དུ་ཕྱིན་པ་ཡིན། དཔེ་མཛོད་ཁང་གི་གྲུ་ཟུར་ཞིག་ཏུ་ཚགས་པར་མི་འདྲ་བ་མང་པོ་བཀལ་འདུག ངས་རང་འདོད་ལྟར་ཚགས་པར་ཞིག་བླངས་ནས་བལྟས། ཚགས་པར་གྱི་པར་ངོས་དང་པོའི་འགོར་བོད་ལྗོངས་ཉིན་རེའི་ཚགས་པར་ཞེས་པའི་ཡིག་འབྲུ་དམར་པོ་ཅུང་ཆེ་བ་འགའ་འཁོད་འདུག ངས་ཚགས་པར་གྱི་པར་ངོས་རེ་རེ་བཞིན་མཇལ་བར། རྩོམ་ཡིག་སྣ་ཚོགས་བཀོད་པའི་པར་ངོས་ལ་དམིགས་བསལ་དོ་སྣང་བྱུང་། པར་ངོས་དེར་ཡང་ཡང་ལྟ་ཞོར་རྩོམ་ལུས་སྣ་ཚོགས་པའི་རྩོམ་ཡིག་དག་ཡང་ཡང་བཀླགས། རྩོམ་ཡིག་དག་གིས་བདག་སེམས་རབ་ཏུ་ཕྲོགས་པས། དེ་ནས་བཟུང་། ང་དང་བོད་ལྗོངས་ཉིན་རེའི་ཚགས་པར་དབར་ལས་འཕྲོའི་མདུད་པ་ཐེབས་འགོ་ཚུགས། སློབ་སྦྱོང་གི་བར་གསེང་དུ་ང་ལ་ཁོམ་པ་ཅུང་བྱུང་ཚེ། དེ་མ་ཉིད་དུ་སློབ་གྲྭའི་དཔེ་མཛོད་ཁང་དུ་སོང་ནས་བོད་ལྗོངས་ཉིན་རེའི་ཚགས་པར་ཁོ་ན་བཀླགས་ཤིང་། ལྷག་པར་རྩོམ་རིག་པར་ངོས་ཁོ་ནར་མཇལ་བ་ཡིན། སྐབས་དེར་བདག་གི་བསམ་པར་རང་གི་རྩོམ་ཡིག་ཀྱང་ཚགས་པར་དེར་འགོད་ཐུབ་ན་ཅི་མ་རུང་སྙམ། ཉིན་ཞིག་ཚོད་ལྟའི་ཚུལ་དུ་ལྷུག་རྩོམ་ཐུང་ཐུང་ཞིག་བྲིས་རྗེས་སྦྲགས་སྲིད་བརྒྱུད་དེ་རྩོམ་སྒྲིག་ཁང་དེར་བསྐུར།
དེ་ནས་བཟུང་སྟེ། ངས་གཟའ་འཁོར་རེ་རེའི་བོད་ལྗོངས་ཉིན་རེའི་ཚགས་པར་ལ་ངང་སྒུག་ཆེན་པོ་བྱས་ནས་བསྡད། ཉིན་རྒྱུན་འཕྲིན་སྐྱེལ་བའི་རླངས་འཁོར་སྔོན་པོ་དེ་སློབ་གྲྭའི་དཔེ་མཛོད་ཁང་གི་སྒོ་ཁར་བསླེབས་ཙ་ན། ངས་ལམ་སེང་དཔེ་མཛོད་ཁང་དུ་བརྒྱུགས་ནས་ཚགས་པར་ཕར་སློག་ཚུར་སློག་བྱས་ཏེ་རང་གི་རྩོམ་ཡིག་དེ་བཀོད་ཡོད་མེད་ལྟ་བར་ཐལ། དེ་ལྟར་ཟླ་བ་གཉིས་ལྷག་ཙམ་རིང་འཕྲིན་སྐྱེལ་བའི་རླངས་འཁོར་དང་ཚགས་པར་ལ་ངང་སྒུག་ཆེན་པོ་བྱས་ཀྱང་། ངས་བྲིས་པའི་རྩོམ་ཡིག་དེ་ནི་རྒྱ་མཚོའི་ནང་དུ་རྡེའུ་འཕངས་པ་ལྟར་གྲག་འགུལ་ཅི་ཡང་མ་བྱུང་བས། མཐར་ངལ་བ་འབྲས་མེད་དུ་གྱུར།
ཉིན་ཞིག་ངས་ཡང་བསྐྱར་རྩོམ་ཡིག་ཅིག་བྲིས་རྗེས་བོད་ཡིག་དགེ་རྒན་ལ་ཞུ་དག་ཡག་པོ་ཞིག་གཏོང་རོགས་ཞེས་རེ་བ་བཏོན། གཟའ་འཁོར་འགའི་རྗེས་སུ་དགེ་རྒན་གྱིས་མཚལ་རྟགས་མང་པོ་བཏབ་པའི་བདག་གི་རྩོམ་ཡིག་དེ་ཕྱིར་སྤྲད་བྱུང་། ངས་འབྲི་ཤོག་གཙང་མ་ཞིག་ཏུ་རྩོམ་ཡིག་དེ་གྲལ་དག་མོས་བཅོས་རྗེས་ཡང་བསྐྱར་ཚགས་པར་ཁང་དེར་བསྐུར།
གཟའ་འཁོར་གཉིས་གསུམ་འདས་པའི་ཉིན་ཞིག་ལ། ང་རང་སློབ་གྲྭའི་དཔེ་མཛོད་ཁང་དུ་སོང་སྟེ་ཚགས་པར་མི་འདྲ་བ་མང་པོའི་ཁྲོད་ནས་བོད་ལྗོངས་ཉིན་རེའི་ཚགས་པར་ཁོ་ན་བཏོན་ཏེ་ལམ་སེང་རྩོམ་རིག་པར་ངོས་ལ་མཇལ་བར། དགའ་འོས་པ་ཞིག་ལ་བདག་གི་རྩོམ་ཡིག་དེ་ཚགས་པར་དུ་བཀོད་འདུག་པས། ང་རང་དགའ་དྲགས་ནས་ས་ལྡིང་གནམ་ལྡིང་བྱེད་པར་ཐལ། རང་རྩོམ་བཀོད་པའི་ཚགས་པར་དེར་ལྟ་བཞིན་ངའི་སེམས་ཀྱི་ག་ཤེད་ཅིག་ནས་ཚགས་པར་དེ་དང་འབྲལ་མི་ཕོད་པའི་ཚོར་བ་ཞིག་ལྷོག་ལྷོག་ཏུ་འཕྱུར་བས། ཐབས་བརྒྱ་ཇུས་སྟོང་གིས་ཚགས་པར་དེ་རང་གིས་འཁྱེར་ཐབས་བྱ་དགོས་སྙམ་སྟེ། དེ་མུར་ཚགས་པར་དེ་རང་གི་ཁུག་མར་བཅུག་ནས་ལྐོག་ལྐོག་སུད་སུད་ངང་དཔེ་མཛོད་ཁང་ནས་གྱེས་པ་ཡིན། ཚགས་པར་ཁྱེར་ནས་སློབ་ཁང་དུ་འབྱོར་དུས་བདག་གི་ལག་ངོ་རྔུལ་ཆུས་བརླན་ཞིང་སྙིང་ཡང་ལྡིག་ལྡིག་ཏུ་འཕགས་འོང་།
དེ་ལས་ཀྱང་ཡི་གར་འོང་བ་ཞིག་ནི། ཉིན་འགའི་རྗེས་སུ་ཚགས་པར་ཁང་གིས་བདག་ལ་འཕྲིན་ཞིག་བསྐུར་འདུག་པར། ཁྱོད་ཀྱིས་བྲིས་པའི་རྩོམ་ཡིག་འདི་ག་ཚགས་པར་ཁང་གི་པར་ངོས་ག་གེ་མོར་བཀོད་པ་ཡིན། རྩོམ་ཡོན་ལ་དམངས་སྒོར་ལྔ་བཅུ་ཡོད་པས། སྦྲགས་སྲིད་བརྒྱུད་ནས་ལེན་རོགས་ཞེས་འཁོད་འདུག འཕྲིན་དེ་མཐོང་དུས་ངའི་སེམས་པ་དགའ་བ་འབུམ་གྱིས་མྱོས་ཤིང་། མི་ཚེ་འདིའི་རྩོམ་ཡོན་ཐོག་མ་རག་པར་དགའ་ནས་མིག་ཆུའང་ཤོར་ལ་ཁད་བྱས།
ཕྱི་ཉིན་གྲོགས་པོ་ཞིག་དང་མཉམ་དུ་སྦྲགས་སྲིད་ནས་རྩོམ་ཡོན་བླངས་རྗེས། ངེད་གཉིས་ཟ་ཁང་ཆུང་ཆུང་ཞིག་ཏུ་འཛུལ་ནས་ཐུག་པ་དཀར་ཡོལ་དོ་དང་བག་ལེབ་གཉིས་བླངས་ཤིང་། ཁ་ལག་ཟ་ཞོར་དུ་བདག་གིས་རང་གི་ཕུགས་བསམ་སོགས་མང་པོ་གླེང་ཞིང་། མཐར་ཟས་རིན་སྤྲད་རྗེས་ངེད་གཉིས་སློབ་གྲྭར་ལོག་ཚུལ་ད་དུང་ཡང་ངའི་མིག་ལམ་དུ་ལྷང་ངེར་འཆར་འོང་།
གཉིས།
2006ལོར། ང་རང་གྲོང་ཁྱེར་ག་གེ་མོའི་སློབ་ཆེན་སློབ་མ་ཞིག་ཏུ་གྱུར། སློབ་ཆེན་གྱི་འཚོ་བ་ནི་མཐོ་འབྲིང་ལས་སྐྱིད་པ་དང་ཁུར་པོ་ཡང་ལ། དེ་གར་རང་གི་འདོད་མོས་དང་དགའ་ཕྱོགས་ལ་འཇུག་ཆོག་པས། ངས་རྩོམ་རིག་གི་རྨི་ལམ་མཚར་པོ་དང་སྒྱུ་རྩལ་གྱི་ཕོ་བྲང་དེ་བས་ཆེ་བ་ཞིག་བཞེངས་ཐུབ་པར་འབད། རྩོམ་རིག་གི་འཆད་ཁྲིད་སྣ་ཚོགས་ལ་ཉན་པ་དང་། རྒྱལ་ཕྱི་རྒྱལ་ནང་གི་གྲགས་རྩོམ་མང་པོར་ཞིབ་ཏུ་བཀླགས་ཤིང་། རང་གིས་ཀྱང་དེ་དག་ལ་ལད་མོའི་ཚུལ་དུ་རྩོམ་ཡིག་མང་པོ་འབྲི་འགོ་བརྩམས། རྩོམ་ཡིག་ལ་བཅངས་པའི་དུང་བ་སྔར་ལས་ཀྱང་ཇེ་དྲག་དང་ཇེ་ཆེར་གྱུར་པས། བོད་ཡིག་གི་ཚགས་དེབ་སྣ་ཚོགས་སུ་རྩོམ་ལུས་ཅི་རིགས་པའི་ལམ་ནས་རྩོམ་ཡིག་མང་པོ་སྤེལ། ལྷག་པར་དུ། བོད་ལྗོངས་ཉིན་རེའི་ཚགས་པར་ནི་བདག་གི་རྩོམ་རིག་གི་ཞིང་ས་ཐོག་མ་དང་སྐྱེད་ཡུམ་ལྟ་བུར་གྱུར་པས། ངས་བརྩམས་ཆོས་དེ་བས་མང་བ་ཚགས་པར་གང་དེར་སྤེལ་བ་ཡིན།
སྐབས་དེ་དུས་སློབ་ཆེན་སློབ་མ་ཕལ་ཆེ་བར་ཁ་པར་རེ་ཡོད་ཀྱང་། ཁ་པར་སྟོན་རྒྱུ་མེད་པའི་ང་ལ་མཚོན་ན། ལམ་སེང་ཁ་པར་ཞིག་བྱུང་ན་སྙམ་པའི་འདུན་པ་ནི་སྐོམ་པ་ཆུ་འདོད་ལྟར་ཡིན། ཡིན་ནའང་། སྐབས་དེར་ངེད་ཚང་ལ་མཚོན་ན། ངེད་མིང་སྲིང་གཉིས་སློབ་ཆེན་འགྲིམ་སྒང་ཡིན་པས། འཚོ་བའི་ཕྱོགས་གང་སར་དཀའ་ངལ་ཆེན་པོ་ཡོད། ཕ་མ་གཉིས་ལ་ལག་བསྲིངས་ཆོག་མོད། ལན་ཆག་མང་པོ་བཟོ་མི་འདོད་པས། བདག་གི་བསམ་པར་གལ་ཏེ་ངས་རྩོམ་ཡིག་མང་པོ་བྲིས་ནས་སྤེལ་ཐུབ་ཚེ། ཁ་པར་ཉོ་རྒྱུ་དེའང་དཀའ་མོ་ཞིག་ག་ལ་ཡིན་སྙམ་ནས། ཟླ་བ་གཉིས་ཙམ་གྱི་རིང་ལ་བདག་གིས་བོད་ལྗོངས་ཉིན་རེའི་ཚགས་པར་དུ་རྩོམ་ཡིག་ལྔ་དྲུག་ཙམ་སྤེལ་བར། དམངས་སྒོར་བདུན་བརྒྱ་ལྷག་ཙམ་གྱི་རྩོམ་ཡོན་རག་བྱུང་།
དེ་ནི་སྟོན་ཁ་ཞིག་སྟེ། ཕྱི་རོལ་དུ་སྡོང་ལོ་མང་པོ་ཤག་སྒྲ་དང་བཅས་སར་ཟགས་བཞིན་འདུག ངས་རྩོམ་ཡོན་ཁྱེར་ནས་གྲོགས་པོ་དང་ལྷན་དུ་ཁ་པར་ཉོ་བར་ཕྱིན། ཉིན་གང་རིང་ཁ་པར་འཚོང་སའི་ཁྲོམ་རར་ཉུལ་ནས་ཁ་པར་མང་པོའི་རིན་གོང་དྲིས་རྗེས། མཐར་སྒོར་ལྔ་བརྒྱ་དོན་བདུན་རི་བའི་ཁ་པར་ཞིག་ཉོས་ཏེ་སློབ་གྲྭར་ལོག་པ་ཡིན།
དེ་ནས་བཟུང་སྟེ་ང་རང་ཡང་ཁ་པར་ཡོད་པའི་སློབ་ཆེན་པའི་གྲལ་དུ་ཚུད་དེ། ཁ་པར་གཏོང་མཁན་མེད་ཀྱང་རང་ལའང་ཁ་པར་ཡོད་མདོག་གིས་ཁ་པར་རྣ་རྩར་སྦྱར་ནས་སྐད་མགོ་མཐོན་པོས་ལབ་རྡོལ་ལྟ་བུ་རེ་བྱས་ནས་འགྲོ་དུས། སྐབས་རེ་གཞན་གྱིས་ཀྱང་རང་གི་བཅོས་མ་དེ་ཚོར་བཞིན་པའི་སྣང་བ་ཞིག་བྱུང་བས། གདོང་ཡང་ཚ་ལམ་ལམ་དུ་གྱུར་པ་དང་སྙིང་གི་འཕར་ལྡིང་ཡང་ཇེ་མགྱོགས་སུ་འགྲོ་བཞིན་པའི་སྣང་བ་ཞིག་བྱུང་སྟབས། ལམ་སེང་ཁ་པར་རྣ་རྩ་ནས་བླངས་ཏེ་ཨམ་ཕྲག་ཏུ་བཅུག་རྗེས་ལམ་འགྲོ་བ་དང་གཡོལ་ནས་འགྲོ་དགོས་འཁེལ། ད་ལྟ་འདང་རེ་བརྒྱབ་ཚེ་རང་གི་བྱེད་སྟངས་ལ་རང་དབང་མེད་པར་གད་མོ་ཤོར་འོང་།
མདོར་ན། བདག་གི་མི་ཚེའི་ཁ་པར་ཐོག་མ་དེའང་བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དྲིན་ལས་བྱུང་སྟབས། མཚམས་རེ་བདག་གི་སེམས་ལ། ཚགས་པར་དེ་དང་ངེད་གཉིས་ཀྱི་བར་དུ་ལས་འཕྲོ་བཟང་པོ་ཞིག་ཡོད་སྣང་ཤར་ཏེ། ཚགས་པར་དེར་ཇེ་དགའ་ནས་ཇེ་དགར་གྱུར།
དེ་ལྟར་སློབ་ཆེན་ལོ་བཞིའི་རིང་ལ། ངས་སྔར་བཞིན་བོད་ལྗོངས་ཉིན་རེའི་ཚགས་པར་དེ་རང་གི་མི་ཚེའི་རྒྱབ་རྟེན་དུ་བྱས་ཤིང་། ཚགས་པར་དེས་ང་ལ་འཚོ་བའི་མཐུན་རྐྱེན་དང་བསམ་པའི་རྒྱགས་ཕྱེ་གྱ་ནོམ་པ་ཞིག་བསྩལ་བར་བཀའ་དྲིན་ཡང་ཡང་ཞུ་བར་ཐལ།
གསུམ།
སློབ་ཆེན་མཐར་ཕྱིན་རྗེས། ང་རང་ནང་སའི་སློབ་ཆེན་ཞིག་གི་ཞིབ་འཇུག་སློབ་མར་རྒྱུགས་འཕྲོད།
སློབ་གྲྭ་དེ་ནི་སྔོན་གྱི་སློབ་གྲྭ་དང་ཡེ་ནས་མི་འདྲ་སྟེ། སློབ་གྲྭའི་དཔེ་མཛོད་ཁང་དུ་བོད་ཡིག་གི་ཚགས་པར་གཏན་ནས་མཐོང་རྒྱུ་མི་འདུག ལྷག་པར་དུ་བདག་གི་ཆེད་ལས་ཀྱང་རྩོམ་རིག་དང་འབྲེལ་བ་མེད་པའི་ཁར། ཞིབ་འཇུག་སློབ་མར་མཚོན་ན་ཆེད་ལས་སྐོར་གྱི་དཔེ་ཆ་མང་པོར་ལྟ་དགོས་ཤིང་། དཔྱད་རྩོམ་ཁ་ཤས་ངེས་པར་དུ་ཞིང་ཆེན་རིམ་པའི་དུས་དེབ་ཚད་ལྡན་དུ་འགོད་དགོས་པས། ང་ལ་རྩོམ་རིག་གསར་རྩོམ་གྱི་ཁོམ་པ་ཧ་ཅང་ཉུང་། དེ་ལྟར་བདག་གི་སྙིང་དང་འདྲ་བའི་ཚགས་པར་དང་འབྲེལ་ལམ་ཆད།
2015ལོར། ངས་སློབ་མའི་འཚོ་བར་རྫོགས་ཚིག་བཀོད་ནས་ལས་ཁུངས་ཤིག་ཏུ་བྱ་བ་བསྒྲུབས། བྱ་བའི་བྲེལ་ཟིང་ཁྲོད་ཚགས་པར་ཀློག་པའི་དུས་ཚོད་ཡོད་ནའང་། གཅིག་ནས་རང་ཉིད་སྒྱིད་ལུག་དང་རྣམ་གཡེང་གི་དབང་དུ་ཤོར་བ་དང་། གཉིས་ནས་ལས་ཁུངས་སུ་ཚགས་དེབ་སྐོར་རིག་རྒྱུ་མེད་པས། ང་ལ་ཉིན་རེའི་ཚགས་པར་ཀློག་པའི་སྐལ་བ་དབེན།
དེ་རིང་ཁྱིམ་དུ་སྔོན་ཆད་ཀྱི་ཚགས་དུས་རྣམས་ལ་བསྡུ་གསོག་རྒྱག་སྐབས། ཉིན་རེའི་ཚགས་པར་ཁང་ནས་བསྐུར་བའི་འཕྲིན་ཡིག་མང་པོ་མཐོང་། དེའི་ནང་ལོ་ངོ་ཉི་ཤུའི་གོང་ཚགས་པར་དུ་འཁོད་པའི་རང་རྩོམ་མང་པོ་འདུག ངས་དེ་དག་རེ་རེ་བཞིན་ཡིག་ཤུབས་ལས་བཏོན་ནས་བལྟས་པར། དེ་རིང་སྟེ། སྤྱི་ལོ་2024ལོའི་ཟླ་བ་བཅུ་གཅིག་པའི་བར་དུ་ཏག་ཏག་མི་ལོ་ཉི་ཤུ་འདས་ཚར་བས། ངས་དབུགས་རིང་ཞིག་ཕྱུང་ནས་སྔོན་ཆད་བྲིས་པའི་རྩོམ་ཡིག་དག་བཀླགས་པ་ན། ང་རང་ལ་སླར་ཡང་གཞོན་དུས་སུ་ལོག་པ་ལྟ་བུའི་ཚོར་བ་བྱུང་ལ། སླར་ཡང་བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པང་དུ་ལོག་པ་ལྟ་བུའི་ཚོར་བ་བྱུང་བས། ངས་དེ་འཕྲལ་ཚམ་ཚོམ་མེད་པར་ཡང་བསྐྱར་ཁ་པར་གྱི་དྲ་རྒྱའི་ཀློང་ནས་ཚགས་པར་དེའི་གློག་རྡུལ་པར་མ་བཙལ་ནས། རྩོམ་རིག་པར་ངོས་ཀྱི་ཡིག་ཟམ་དུ་དྲིན་ལ་དྲིན་ལན་གཟོ་མི་ནུས་ཀྱང་དྲིན་ལ་དྲིན་དུ་གོ་ཞིང་ཚོར་བའི་ཆེད་དུ་ཕྱིར་དྲན་གྱི་ཟིན་ཐོ་འདི་རྩིས་འཕྲུལ་དུ་གཏགས་ནས་བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་བསྐུར་བ་ཡིན།