སྨྱུག་སོན་ནོར་སངས་ཀྱི་སྙན་ངག་ཁག་གཉིས།
འདུན་པ་དེའི་ཆེད་དུ།
འདུན་པ་དེའི་ཆེད་དུ།
མགོ་བོ་དགྱེ་ཙམ་གནོངས་དང་།
མདུན་ཕྱོགས་ཀྱི་ལམ་བུ་མཁའ་ལྟར་ཡངས་ལ།
གཙང་ཆབ་ཀྱི་བཞུར་རྒྱུན་སྔར་ལྟར་བརྗིད།
འདུན་པ་དེའི་ཆེད་དུ།
མིག་ཟུར་གཡོ་ཙམ་གནོངས་དང་།
མདུན་ཕྱོགས་ཀྱི་ས་འཛིན་བརྟན་ཞིང་བརྗིད་ལ།
མགོ་ཐོག་གི་ཉི་འོད་དྲོ་ཞིང་འཇམ།
འདུན་པ་དེའི་ཆེད་དུ།
ཀི་སྒྲ་ཞིག་སྒྲོག་དང་།
ལྷག་བསམ་གྱི་རྟ་ཕོ་མདུན་དུ་སྐྱོད་ལ།
བརྩོན་འགྲུས་ཀྱི་བ་དན་དགུང་དུ་གཡོ།
འདུན་པ་དེའི་ཆེད་དུ།
གླུ་ཆུང་ཞིག་ལོངས་དང་།
ཕུགས་འདུན་གྱི་ལམ་བུ་སྔར་བས་ཡངས་ལ།
བདེ་སྐྱིད་ཀྱི་གླུ་སྒྲ་སྙན་ཞིང་འཇེབས།
བདེན་རྫུན།
བདེན་པ་ལ་གཡས་འཁྱེར་མེད།
བདེན་པ་ལ་གཡོན་འཁྱེར་མེད།
ཡིན་ནའང་། བདེན་པ་ནི་ལྐུགས་པ་ཞིག་མ་རེད།
ཁ་གྲགས་མི་ཐུབ་པའི་ལྐུགས་པ་ཞིག་ཡེ་ནས་མ་རེད།
རྫུན་མ་ལ་གཡས་འཁྱེར་ཡོད།
རྫུན་མ་ལ་གཡོན་འཁྱེར་ཡོད།
རེད་དེ། རྫུན་མ་ནི་སྤྱང་པོ་ཞིག་ཏུ་འདོད་དེ།
ལྕེ་བསྣར་ཐུབ་པའི་སྤྱང་པོ་ཡ་མེད་དེ་རེད་ཨང་།
བདེན་པ་ནི་ནམ་ཡང་བདེན་པ་ཡིན།
མི་གཤིས་ཀྱི་ཟབ་ས་རུ་འཁྱིལ་བའི།
ཆུ་མིག་དྭངས་མ་དེ་ཡིན།
རྫུན་མ་ནི་ནམ་ཡང་རྫུན་མ་ཡིན།
མི་གཤིས་ཀྱི་ལྐོག་ཏུ་འཇབ་པའི།
དུག་སྦྲུལ་ནག་པོ་དེ་ཡིན།