དབུ་ཤོག>བོད་ཀྱི་རིག་གནས།>བོད་རིག་པ།
  • སློབ་ཚན་སྒྱུར་བཅོས་ཁྲོད་སློབ་ཆུང་སློབ་མའི་བོད་སྐད་ཡིག་སྦྱོང་བའི་སྤྲོ་སྣང་སྐྱེད་སྲིང་བྱེད་ཐབས་སྐོར་རགས་ཙམ་གླེང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-12-13

    སྐད་ཡིག་ནི་རིག་ཚན་སྤྱི་དང་བྱེ་བྲག་མང་པོར་འཇུག་པའི་སྒོ་མོ་དང་རྨང་གཞི་ལྟ་བུ་ཡིན་སྟབས། ང་ཚོས་སློབ་ཚན་གསར་པའི་དགོངས་དོན་སློབ་སྦྱོང་བྱས་ཏེ། སློབ་མའི་སྐད་ཡིག་སྦྱོང་བའི་སྤྲོ་སྣང་སྐྱེད་སྲིང་གང་ལེགས་བྱས་ནས། ཁོང་ཚོར་སྐད་ཡིག་གི་རྨང་གཞི་བརྟན་པོ་ཞིག་འདིང་གང་ཐུབ་བྱེད་དགོས། གཤམ་ལ་རང་ཉིད་ཀྱི་སློབ་ཁྲིད་ཀྱི་ཉམས་མྱོང་དང་འབྲེལ་ནས་སློབ་མའི་བོད་སྐད་ཡིག་སྦྱོང་བའི་སྤྲོ་སྣང་སྐྱེད་སྲིང་བྱེད་ཐབས་སྐོར་རགས་ཙམ་གླེང་བར་བྱའོ།

    དང་པོ། སློབ་ཆུང་སློབ་མའི་བོད་སྐད་ཡིག་སྦྱོང་བའི་སྤྲོ་སྣང་སྐྱེད་སྲིང་བྱེད་པའི་གལ་ཆེའི་རང་བཞིན།

    ང་ཚོས་སློབ་ཚན་གསར་པའི་ཐབས་ལམ་ལ་ཁ་ཕྱོགས་ཏེ། སློབ་ཁྲིད་ཀྱི་ཐབས་ཤེས་སྣ་ཚོགས་ཕན་ཚུན་དཔྱད་བསྡུར་གྱིས་སློབ་མའི་སྐད་ཡིག་སྦྱོང་བའི་སྤྲོ་སྣང་འཕེལ་ཐབས་བྱེད་དགོས་ལ། ཁོང་ཚོའི་བློ་སྒོ་གསར་འབྱེད་བྱེད་རྒྱུ་དེའང་སློབ་ཚན་གསར་པའི་སྒྱུར་བཅོས་ཀྱི་དགོས་མཁོ་དང་ཁ་བྲལ་དུ་མི་རུང་བ་ཞིག་རེད། ང་ཚོས་སློབ་ཚན་གསར་པའི་སློབ་ཁྲིད་ཀྱི་བྱ་ཐབས་འདི་ཁྲལ་ཙམ་དུ་བརྩི་མི་རུང་བར། དུས་རྒྱུན་ནས་སློབ་ཁང་སློབ་ཁྲིད་ཀྱི་ཁྲོད་དུ་སྤྲོ་སྣང་ལྡན་པའི་སྐད་ཡིག་སློབ་སྦྱོང་གི་ཁོར་ཡུག་ཅིག་གཏོད་དགོས་ཤིང་། དེ་ལྟར་བྱས་ན་སློབ་མའི་སློབ་སྦྱོང་བྱེད་འདོད་ཀྱི་བསམ་བློར་འགྱུར་ལྡོག་ཐེབས་ཏེ། གཞན་སྐུལ་ནས་རང་འགུལ་ལ་ཁ་ཕྱོགས་པར་ཕན་པ་མ་ཟད། སློབ་མའི་རྒྱུད་ལ་སྐད་བརྡ་ཕུན་སུམ་ཚོགས་པོ་གསོག་པ་དང་། ཁོང་ཚོའི་བསམ་གཞིག་གི་ནུས་པ་ཆེ་རུ་འགྲོ་བར་ཡང་ཕན་པ་ཡོད། གཞན་ཡང་། དགེ་རྒན་རྣམ་པས་སློབ་མའི་དོན་དངོས་ཀྱི་དགོས་མཁོ་དང་འཚམ་པའི་ལྟ་ཀློག་གི་ནུས་པ་དང་། རྩོམ་འབྲིའི་ནུས་པ། བསམ་གཞིག་གི་ནུས་པ་སོགས་སྐྱེད་སྲིང་བྱེད་ཞོར་དུ་སློབ་མར་རིམ་བཞིན་རང་གཤིས་ལེགས་པོ་ཞིག་དང་མི་གཤིས་འཐུས་ཚང་ཞིག་ཆགས་པར་སྣེ་ཁྲིད་བྱེད་དགོས་ལ། སློབ་མར་ལྟ་ཚུལ་སྤེལ་རེས་དང་ཉམས་མྱོང་ཕྱོགས་བསྡོམས་བྱེད་སའི་ལས་སྟེགས་ཤིག་བསྐྲུན་པའམ། གབ་ཚིག་དང་གཏམ་དཔེ་སོགས་ནང་དོན་དུ་བྱས་པའི་འགྲན་བསྡུར་བྱེད་སྒོ་སྤེལ་ནས། སློབ་མའི་བོད་སྐད་ཡིག་སྦྱོང་བའི་སྤྲོ་སྣང་སྐྱེད་སྲིང་བྱེད་དགོས།

    གཉིས་པ། སློབ་ཆུང་སློབ་མའི་བོད་སྐད་ཡིག་སྦྱོང་བའི་སྤྲོ་སྣང་སྐྱེད་སྲིང་བྱེད་ཐབས།

    སློབ་ཆུང་སློབ་མ་རྣམས་ལོ་ན་ཕྲ་བའི་དབང་གིས་ཁོང་ཚོར་སློབ་སྦྱོང་གི་དམིགས་ཡུལ་ཁ་གསལ་པོ་ཞིག་མེད། གལ་ཏེ་ཁོང་ཚོའི་བོད་སྐད་ཡིག་སྦྱོང་བའི་སྤྲོ་སྣང་སྐྱེད་སྲིང་བྱེད་དགོས་ཚེ། ང་ཚོས་སློབ་མའི་སྦྱངས་འབྲས་ཁོ་ནར་མི་ལྟ་བར་ཁོང་ཚོར་སློབ་སྦྱོང་གི་ཁྲོད་ནས་སྤྲོ་སྣང་ཚོར་གང་ཐུབ་བྱེད་དགོས་པ་དང་། ཀུན་སྤྱོད་བཟང་པོའི་རྨང་གཞི་འདིང་དགོས་པ། ལུས་སེམས་བདེ་ཐང་ངང་འཚར་ལོངས་ཡོང་ཐབས་བྱེད་དགོས་པ་ཡིན། རྒྱུ་མཚན་ནི་སློབ་མའི་སློབ་སྦྱོང་བྱེད་འདོད་ཀྱི་སྤྲོ་སྣང་སྐྱེད་སྲིང་བྱ་རྒྱུ་ནི་ད་ལྟའི་ཡིག་རྒྱུགས་ཀྱི་སྐར་གྲངས་ལས་གལ་འགངས་ཆེ་བས། གལ་ཏེ་ཁོང་ཚོར་སློབ་སྦྱོང་བྱེད་འདོད་ཀྱི་སྤྲོ་སྣང་ཆེན་པོ་ལྡན་ཚེ། སློབ་མའི་སློབ་སྦྱོང་གི་སྦྱངས་འབྲས་རང་བཞིན་གྱིས་ལེགས་སུ་འགྲོ་བ་མ་ཟད། ཁོང་ཚོའི་སློབ་སྦྱོང་གི་གནོན་ཤུགས་ཆུང་དུ་ཕྱིན་ཏེ་སེམས་ཁམས་བདེ་ཐང་ཡོང་བར་ཡང་ཕན་པ་ཡོད། དེས་ན། གོང་རིམ་ནས་སློབ་གསོའི་ལས་དོན་ལ་ལྟ་སྐུལ་ཞིབ་བཤེར་བྱེད་སྐབས་ཀྱང་། སྐར་གྲངས་ཁོ་ན་ཚད་དུ་བཟུང་སྟེ་སློབ་གསོའི་བཟང་ངན་ཁ་ཚོན་གཅོད་མི་རུང་བ་དང་། རྒྱ་ཆེའི་ཁྱིམ་བདག་ཚོས་ཀྱང་སྐར་གྲངས་ཁོ་ན་ཚད་གཞིར་བཟུང་སྟེ་སློབ་གྲྭ་དང་དགེ་རྒན་གྱི་བཟང་ངན་འབྱེད་མི་རུང་བར། གོང་དུ་ཁོ་མོས་གླེང་བའི་སློབ་མའི་ཀུན་སྤྱོད་གང་འདྲ་ཡོད་མེད་དང་། སློབ་མར་ལུས་སེམས་བདེ་ཐང་ངང་འཚར་ལོངས་ཐུབ་པའི་ཁོར་ཡུག་ཡོད་མེད། ལྷག་པར་དུ་ཚ་འདེད་དང་བཙན་ཤེད་ཀྱིས་སློབ་གསོ་སྤྲོད་པའི་སྣང་ཚུལ་ཡོད་མེད། སློབ་མར་འཕེལ་རྒྱས་ཀྱི་བར་མཐོངས་ཡོད་མེད། ཁོང་ཚོའི་སློབ་སྦྱོང་བྱེད་སྟངས་རང་འགུལ་ཡིན་མིན་སོགས་ཕུགས་ཕན་གྱི་གྲུབ་འབྲས་ངོ་མར་དམིགས་ནས་ལྟ་སྐུལ་དང་ཞིབ་བཤེར་བྱས་ཏེ། སློབ་ཚན་སྒྱུར་བཅོས་ཀྱིས་སློབ་མར་ཕན་བདེ་གང་ལེགས་དང་གང་མང་སྐྲུན་དགོས། ལྷག་པར་དུ། དེ་དག་ལས་ཀྱང་ཆེས་གལ་འགངས་ཆེ་བ་ནི་དགེ་རྒན་གྱི་སློབ་ཁྲིད་བྱ་ཐབས་ཡིན་ཞིང་། 《སྐད་ཡིག་སློབ་ཁྲིད་ལ་འཇུག་པའི་སྒོ་བློ་གསལ་མྱུར་ལམ》ཞེས་པར་ཡང་། སློབ་རིམ་མི་འདྲ་བར་སློབ་ཁྲིད་ཀྱི་ཐབས་ལམ་ཡང་མི་འདྲ་བ་སྤྱད་ན་ལེགས། སློབ་མར་ཤེས་བྱའི་རྨང་གཞི་བརྟན་པོ་འཇོག་པའི་དུས་ནི་སློབ་ཆུང་སྐབས་ཡིན། འདིའི་སྐབས་རྨང་གཞི་བརྟན་པོ་ཞིག་ཆགས་ཐུབ་མིན་གྱི་རྩ་བ་ནི་དགེ་རྒན་གྱི་ཡོན་ཚད་དང་འབྲེལ་བའི་སློབ་ཁྲིད་བྱེད་ཐབས་དང་། སློབ་མའི་སློབ་གཉེར་བྱེད་ཐབས་སམ་སྦྱོང་ཐབས་ལ་རག་ལས་ཡོད་ཅེས་གསུངས་ཡོད།

    གསུམ་པ། སློབ་ཆུང་སློབ་མའི་བོད་སྐད་ཡིག་སྦྱོང་བའི་སྤྲོ་སྣང་སྐྱེད་སྲིང་བྱེད་པར་དགེ་རྒན་ལ་ཆ་རྐྱེན་ཇི་ལྟར་ལྡན་དགོས་ཚུལ།

    ལྗོངས་སློབ་གསོ་ཐིང་གི་རྒན་དབང་འདུས་ལགས་ཀྱིས་བརྩམས་པའི《བོད་སྐད་ཡིག་གི་སློབ་ཁྲིད་བྱ་ཐབས་སྒྱུར་བཅོས་བྱ་རྒྱུའི་སྐོར》ཞེས་པར། “བྱང་ཚད་སློབ་གསོའི་འདུ་ཤེས་མངའ་བའི་དགེ་རྒན་ཞིག་ཡིན་ན། བོད་སྐད་ཡིག་སློབ་ཁྲིད་ནང་སློབ་ཕྲུག་རྩ་བར་བཟུང་པའི་ཐོག དེས་ཤེས་བྱ་བརྒྱུད་སྤྲོད་ཙམ་མ་ཟད། སློབ་མའི་སློབ་སྦྱོང་གི་སྤྲོ་བ་སྐྱེད་སྲིང་དང་། བསམ་གཞིག་གི་ནུས་པ་སྐྱེད་སྲིང་། རིག་སྟོབས་ཀྱི་ནུས་པ་སྔོག་འདོན་བྱ་རྒྱུ་བཅས་ལ་ལྷག་པར་དོ་སྣང་བྱེད་སྲིད”ཅེས་གསུངས་ཡོད། དེས་ན། ང་ཚོ་དགེ་རྒན་ཚོས་ཀྱང་སློབ་ཚན་གསར་པའི་སྒྱུར་བཅོས་ཀྱི་དགོས་མཁོར་གཞིགས་ནས། ངེས་པར་དུ་རང་གི་ལྟ་བར་སྒྱུར་བཅོས་དང་ཤེས་བྱ་གསར་པར་བརྩོན་ཞིབ་མང་ཙམ་བྱས་ཏེ། སློབ་མར་དེང་གི་སྤྱི་ཚོགས་ཀྱི་ཤེས་བྱ་གསར་པ་མང་ཙམ་སློབ་ཁྲིད་དང་། བསླབ་གཞི་གསར་པར་གོ་བ་ཡག་པོ་ལེན་པ། སློབ་མའི་སློབ་སྦྱོང་གི་སྤྲོ་སྣང་འཕེལ་ཐུབ་པའི་སྒྲིག་གཞི་བཟོ་དགོས། དེས་མ་ཟད། སློབ་ཁྲིད་ཀྱི་དངོས་གཞིའི་ནང་དོན་དང་འབྲེལ་ནས། སློབ་མར་བོད་ཀྱི་དམངས་སྒྲུང་དང་། ངག་རྒྱུན། ལོ་རྒྱུས་སོགས་བཤད་ནས། སློབ་སྦྱོང་གི་ཁོར་ཡུག་འཁྲུག་ཆ་དོད་དུ་བཏང་སྟེ། སློབ་མའི་སེམས་པ་སློབ་སྦྱོང་ཐོག་གནས་ཐབས་བྱེད་དགོས།

    བཞི་པ། སློབ་ཆུང་སློབ་མའི་བོད་སྐད་ཡིག་སྦྱོང་བའི་སྤྲོ་སྣང་སྐྱེད་སྲིང་བྱེད་པར་སྒྱུར་བཅོས་ཀྱི་གོམ་སྟབས་དང་བསྟུན་དགོས་ཚུལ།

    སློབ་ཚན་གསར་པའི་སྒྱུར་བཅོས་ཀྱི་གོམ་སྟབས་དེ་གང་ལ་བརྟེན་དགོས་ཟེར་ན། སློབ་ཁྲིད་བྱ་ཐབས་སྣ་ཚོགས་སྐབས་བསྟུན་གྱིས་སྤྱོད་དགོས་པ་ཡིན། དེའང་སྲོལ་རྒྱུན་གྱི་སློབ་ཁྲིད་བྱེད་ཐབས་ལྟར་དགེ་རྒན་གྱིས་ཁྲིད་གང་ཐུབ་མི་བྱེད་པར། སློབ་མ་ལྟེ་བར་བཟུང་སྟེ་ཁོང་ཚོའི་ཁམས་དང་མོས་པར་བསྟུན་ནས་སློབ་ཁྲིད་བྱེད་རྒྱུ་གལ་ཆེ་ལ། སྐབས་རེ་སློབ་མར་ཡང་དུས་ཚོད་དང་གོ་སྐབས་ངེས་ཅན་སྤྲད་དེ། ཁོང་ཚོའི་དགའ་ཕྱོགས་སྐྱེད་སྲིང་དང་ཁོང་ཚོར་མངའ་བའི་དམིགས་བསལ་ཁྱད་ཆོས་སམ་འཇོན་ཐང་གང་ཡོད་ངོམ་དུ་འཇུག་དགོས། དེ་མིན་སློབ་ཚན་གསར་པའི་ཐབས་ལམ་སྤྱོད་དུས་དེ་སྔོན་གྱི་རྙིང་ཞེན་དང་བག་འཁུམ་གྱི་བསམ་བློ་དོར་ཏེ། སློབ་མར་རང་དབང་དང་། བག་ཕེབས། སྤྲོ་སྣང་ལྡན་པའི་སློབ་སྦྱོང་གི་ཁོར་ཡུག་ཅིག་སྐྲུན་གང་ཐུབ་བྱེད་དགོས།

    དེ་ཡང་སློབ་ཚན་སྒྱུར་བཅོས་ཀྱི་དམིགས་ཡུལ་གཙོ་བོ་ནི་སློབ་མའི་རྒྱུད་ལ་ཀུན་སྤྱོད་བཟང་པོ་ཞིག་འཛུགས་རྒྱུ་དེ་ཡིན་པ་སྟེ། ཏུའུ་ཝེ་སོགས་སློབ་གསོ་མཁས་ཅན་མང་པོས་ཀུན་སྤྱོད་བཟང་པོ་གསོ་བ་ལ་སློབ་གསོ་ཟེར་ཞིང་། ཀུན་སྤྱོད་བཟང་པོ་གསོ་མ་ཐུབ་པའི་སློབ་གསོ་ནི་སློབ་གསོ་བཟང་པོ་ཞིག་མིན་ཞེས་གསུངས་ཡོད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སློབ་གསོའི་སྐོར་གྱི་བཀའ་སློབ་མང་པོར་ཡང་སྤྱོད་སྐྱོང་མི་གསོའི་སློབ་གསོར་དམ་འཛིན་བྱེད་དགོས་པའི་ནན་བཤད་ཡང་ཡང་གནང་འདུག་པ་ལས་གསལ་པོར་ཤེས་ཐུབ། སློབ་གསོ་བ་ཐའོ་ཞིང་ཀྲེས། “བརྒྱ་སློབ་སྟོང་སློབ་བདེན་པ་འཚོལ་རྒྱུ་སློབས། །བརྒྱ་སྦྱོང་སྟོང་སྦྱོང་བདེན་པ་བྱ་རྒྱུ་སྦྱོངས། །”ཞེས་གསུངས་ཡོད་པ་མ་ཟད། བོད་ཀྱི་གཏམ་དཔེར་ཡང་། “མི་ཞིག་ཡོང་ན་ཆུང་ནས་ཡོང་། རྟ་ཞིག་ཡོང་ན་རྟེའུ་ནས་ཡོང”ཞེས་པའི་དཔེ་ལྟར། གཙོ་བོ་སློབ་ཆུང་ནས་ཀུན་སྤྱོད་སློབ་གསོར་དམ་འཛིན་ལྷོད་མེད་བྱེད་པའི་རྨང་གཞི་ཐོག སློབ་མ་རྣམས་ཉི་མའི་དྲོ་སྐྱིད་འོག་ལུས་སེམས་བདེ་ཐང་ངང་འཚར་ལོངས་ཡོང་བར་བྱེད་དགོས་པ་དང་། ཀུན་སྤྱོད་དང་བདེ་ཐང་སློབ་གསོར་དམ་འཛིན་བྱས་རྗེས། རིམ་བཞིན་ཤེས་ཡོན་ལྡན་པའི་མི་ཞིག་ཆགས་ཐུབ་ཆེད་འབད་པ་ལྷུར་ལེན་བྱེད་དགོས་པ་ཡིན། ཀུན་སྤྱོད་སློབ་གསོ་ཞེས་པ་ནི། “ལུས་ངག་ཡིད་གསུམ་མམ་དེ་གསུམ་གང་རུང་གི་སྤྱོད་ལམ་ཞིག་སྟེ། རྣམ་ཀུན་མི་རྣམས་ཀྱི་འཚོ་བའི་ཁྲོད་དུ་མི་དང་མིའི་དབར་དང་། མི་དང་སྤྱི་ཚོགས་དབར་ཕན་ཚུན་འབྲེལ་བ་བྱེད་སྐབས་ཐུན་མོང་དུ་གྲུབ་པའི་སྤྱོད་ལམ་གྱི་དམིགས་ཚད་ཅིག་ལ་བརྗོད”ཅེས་གསུངས་པ་ལྟར། དེ་ནི་འཇིག་རྟེན་ཐོག་མི་ཁྱུ་དང་མཉམ་དུ་འཚོ་བ་སྐྱེལ་བའི་གཏམ་སྤྱོད་ལ་བརྗོད་པས། གཏམ་སྤྱོད་བཟང་པོ་གསོ་བ་ལ་ཀུན་སྤྱོད་སློབ་གསོ་དགོས་ཞེས་འཁོད་ཡོད། 《གཅན་རོང་སློབ་གསོའི་ལེགས་བཤད》ཅེས་པར། སློབ་མར་ཤེས་བྱ་རྐྱང་རྐྱང་ཁྲིད་པ་ལས་ཁོང་ཚོར་མི་གཤིས་བཟང་པོ་ཞིག་འཇགས་པ་བྱ་རྒྱུ་ནི་དེ་བས་ཀྱང་གལ་ཆེ་བ་ཡིན་ཞེས་གསུངས། འོ་ན། ད་ལྟའི་སློབ་མ་རྣམས་ལ་སློབ་སྦྱོང་གི་སྤྲོ་སྣང་སྐྱེད་སྲིང་ཇི་ལྟར་བྱེད་དགོས་ཞེས་དྲིས་ན། མི་མང་པོར་ལན་མི་འདྲ་བ་སྣ་ཚོགས་ཡོད་སྲིད་མོད། འོན་ཏེ་ངས་བལྟས་ན་ད་ལྟའི་སློབ་མར་རང་འགུལ་གྱི་བར་མཐོངས་མང་ཙམ་འཇོག་དགོས་པ་དེ་ཡིན། དེ་ཡང་མི་ཞིག་ལ་དཔེ་ཀློག་གི་གོམས་གཤིས་དང་སློབ་སྦྱོང་བྱེད་འདོད་ཀྱི་བསམ་པ་དགོས་པ་བྱ་རྒྱུ་ནི། དེང་རབས་སྤྱི་ཚོགས་ཀྱིས་བཏོན་པའི་བླང་བྱ་ཡིན་ཞིང་། སློབ་ཆུང་ནི་དམའ་འབྲིང་དང་མཐོ་འབྲིང་། སློབ་ཆེན་སོགས་སུ་སྐྱོད་པའི་གོམ་པ་དང་པོ་ཡིན་པས། དེར་གཙོ་བོ་སློབ་གཉེར་བར་སློབ་སྦྱོང་བྱེད་འདོད་ཀྱི་སྤྲོ་སྣང་སྐྱེད་སྲིང་བྱེད་དགོས་པར་སྙམ།

    མདོར་ན། ང་ཚོས་སློབ་ཚན་གསར་པའི་སྒྱུར་བཅོས་ཀྱི་ཐབས་ལམ་རྒྱུན་འཁྱོངས་བྱས་ཏེ། སློབ་མའི་བོད་སྐད་ཡིག་སྦྱོང་བའི་སྤྲོ་སྣང་འཕེལ་ཕྱོགས་ལ་སྣེ་ཁྲིད་གང་ཐུབ་བྱེད་དགོས། དེར་བརྟེན་དགེ་རྒན་དང་། ཕ་མ། སློབ་གསོའི་སྣེ་ཁྲིད་མི་སྣ། སློབ་གསོར་དོ་ཁུར་ཟབ་པའི་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣ་སུ་ཞིག་ཡིན་ཡང་། ཚང་མས་ངེས་པར་དུ་སློབ་གསོའི་དམིགས་ཡུལ་གསལ་པོ་ཞིག་ཤེས་པ་དགོས་ལ། སློབ་གསོའི་དམིགས་ཡུལ་དང་མཐུན་པའི་སློབ་གསོ་སྤེལ་ཐུབ་པ་དགོས་པ་ཡིན། (ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཧའེ་ཁྲེང་སློབ་ཆུང་གི་དགེ་རྒན་ཚེ་རིང)

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།