དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • མཚར་གཏམ་ཐོས་པ་འཛུམ་ཤོར།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-12-08

    བོང་བུའི་སྤུན་མཆེད།

    ཞིང་པ་ཞིག་གིས་བོང་བུ་དེད་ནས་གྲོང་ཁྱེར་དུ་འགྲོ་དུས་ལམ་བར་ནས་ཁྲམ་པ་ཞིག་དང་འཕྲད། ཁྲམ་པ་དེས་ཞིང་པར། ལྟོ་བཟས་སམ་ཞེས་དྲིས་པར། ཞིང་པས། བཟས་པ་ཡིན་ཞེས་ལན་བཏབ། ཁྲམ་པ་དེས། ངས་བོང་བུར་སྐད་ཆ་འདྲི་གི་ཡོད་ཅེས་སྨྲས་པ་ན། ཞིང་པ་དེས་བོང་བུར། ཁྱོད་རང་ལ་གྲོང་ཁྱེར་ནང་སྤུན་མཆེད་འདི་འདྲ་ཡོད་ནའང་། ང་ལ་ཟུར་ཙམ་ཡང་མི་ཤོད་པ་ཅི་ཡིན་ཞེས་བཤད་དོ།

    སྨྲ་ལྕེ་བདེ་བའི་ནེ་ཙོ།

    མགྲོན་ཁང་ཞིག་གིས་ནེ་ཙོ་ཞིག་གསོས་ཏེ་སྒོ་ཐོད་དུ་བཏགས་ཡོད། ནེ་ཙོ་དེ་སྨྲ་ལྕེ་བདེ་བ་སྟེ། མགྲོན་པོས་རྐང་པ་གཡས་པ་སྒོ་ནང་དུ་སྤོ་སྐབས། ཐག་རིང་གི་མགྲོན་པོ་སྐུ་ཁམས་བཟང་ཞེས་ཤོད་པ་དང་། མགྲོན་པོས་རྐང་པ་གཡོན་མ་སྒོ་ནང་དུ་སྤོ་སྐབས། སྐུ་ཉིད་ཕེབས་པར་དགའ་བསུ་ཞུ་ཞེས་ཤོད་ཀྱི་ཡོད། ཉིན་ཞིག་མགྲོན་པོ་དྲན་རྒྱུ་རྒོད་པོ་ཞིག་གིས་ནེ་ཙོ་དེར་རྩེད་མོ་བརྩེས་ཏེ་རྐང་པ་གཉིས་ཀ་དུས་གཅིག་ཏུ་སྒོ་ནང་དུ་སྤོས་ནས་ནེ་ཙོས་ཅི་ཞིག་ཟེར་མིན་བལྟས་པ་ན། ནེ་ཙོ་དེས། ངུས་ཤིག ང་ནི་རོ་ལངས་ཤིག་ཡོང་གི་འདུག་སྙམ་ནས་མི་ཞེད་དགུ་ཞེད་ཞེད་བྱུང་ཞེས་བཤད།

    དོགས་པ་ཟ་བ།

    བུད་མེད་ཅིག་གིས་རང་གི་ཁྱོ་ག་དང་ཁ་བྲལ་ཕྱིར་ཁྲིམས་ཁང་དུ་བསྐྱོད།

    བུད་མེད་དེས། ང་ཁོ་དང་ཁ་བྲལ་གྱི་ཡིན།

    ཁྲིམས་དཔོན་གྱིས། རྒྱུ་མཚན་ག་རེ་ཡིན་ནམ།

    བུད་མེད་དེས། ཁོས་ང་ལ་ལྷག་བསམ་རྣམ་དག་བྱེད་ཀྱི་མི་འདུག

    ཁྲིམས་དཔོན་གྱིས། ཁྱོད་ལ་དཔང་རྟགས་ག་རེ་ཡོད།

    བུད་མེད་དེས། དཔང་རྟགས་ཡོད། ཁོ་ངའི་ཕྲུ་གུའི་ཨ་ཕ་ངོ་མ་ཡིན་མིན་ལ་དོགས་པ་ཟ་གི་འདུག་ཅེས་བརྗོད།

    ལས་འཕྲོ་ཡོད་པ།

    ཆུང་མས་བརྙན་འཕྲིན་ལ་ལྟ་བཞིན་ཁྱོ་གར། ང་གཉིས་སློབ་ཆེན་ནས་ཐོན་ཁར་ཁྱོད་ཀྱིས་ང་ལ་བརྩེ་འཕྲིན་མང་པོ་བྲིས་ནས་ཁ་སངས་རོགས་ཟེར་བྱུང་། ཤོད་དང་། ཁྱོད་རང་ང་དང་མཉམ་དུ་སྡོད་འདོད་འདི་འདྲ་ཡོད་དོན་ག་རེ་ཡིན་ནམ་ཞེས་དྲིས་པར། ཁྱོ་གས། དེ་ནི་ང་གཉིས་བར་ལ་ལས་འཕྲོ་ཡོད་པས་རེད་ཅེས་ལན་བཏབ། ཆུང་མས་ཧ་ཅང་མོས་པའི་ངང་། ལས་འཕྲོ་གང་འདྲ་བྱས་ནས་བྱུང་བ་རེད་དམ་ཞེས་དྲིས་པ་ན། ཁྱོ་གས། དེ་དུས་ངས་འཛིན་གྲྭའི་བུ་མོ་ཚང་མར་བརྩེ་འཕྲིན་བྲིས་ཀྱང་། ཁྱོད་རང་གཅིག་པུས་མ་གཏོགས་ཡིག་ལན་སློག་མཁན་མ་བྱུང་སྟབས། ང་གཉིས་བར་ལ་ལས་འཕྲོའི་མདུད་པ་ཐེབས་པ་རེད་ཅེས་བཤད་དོ།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།