སྦག་ཞྭ་ལས་འཕྲོས་པའི་གཏམ།
ཉིན་མོ་དེར། 110བཀོད་འདོམས་ལྟེ་གནས་ཀྱི་བཀའ་མངགས་བཞིན་ང་རང་གནས་ཚུལ་ཐོན་སའི་ཡུལ་དངོས་སུ་ཕྱིན་པ་ཡིན། བུ་མོ་ཞིག་ངོ་གདོང་ཡོངས་རྫོགས་ཁྲག་གིས་ཁེངས་ནས་ལམ་ཟུར་དེར་ཁྱར་ཁྱོར་ངང་ལངས་འདུག་ཅིང་། མོས་བཞོན་པའི་གློག་སྒུལ་སྦག་སྦག་ས་ལ་འགྱེལ་ནས་འདུག ངས་སྔོན་ལ་སྐད་ཆ་གང་ཡང་མ་དྲིས་པར་མོ་རང་ཐད་ཀར་སྨན་ཁང་དུ་ཁྲིད་པ་ཡིན། སྨན་པས་སྨན་བཅོས་དང་སྦྲགས་ད་ཐེངས་ཀྱི་འགྲིམ་འགྲུལ་ལས་འཛོལ་ཁྲོད་གལ་སྲིད་ཁོ་མོས་སྦག་ཞྭ་གྱོན་ཡོད་ན་རྨ་འདི་འདྲ་བཟོ་མི་སྲིད་ཟེར། སྨན་བཅོས་ཚར་རྗེས་ངས་མོ་རང་ལ་གནས་ཚུལ་གང་འདྲ་བྱས་ནས་ལྷག་མིན་སྐད་ཆ་དྲིས་པ་ཡིན། མོས་ཟེར་ན་ལམ་ཁོད་སྙོམ་པོ་མེད་པའི་རྐྱེན་གྱིས་གློག་སྒུལ་སྦག་སྦག་ས་ལ་འགྱེལ་སོང་ཟེར། ངས་ཡང་བསྐྱར་འོ་ན་སྦག་ཞྭ་མི་གྱོན་དོན་གང་ཡིན་ཟེར་དུས། མོས་མགོ་བོ་སྒུར་སྒུར་བྱས་ནས་སྡོད་པ་ལས་ལན་གང་ཡང་བཏབ་མ་བྱུང་། མ་གཞི་ད་ཐེངས་ཀྱི་འགྲིམ་འགྲུལ་གནས་ཚུལ་གྱིས་མོའི་སྲོག་ལ་གནོད་འཚེ་བཟོས་མེད་ཀྱང་། གལ་སྲིད་སྦག་ཞྭ་གྱོན་ཡོད་ན་ཟེར་བ་དེ་ལས་མང་ཚོགས་ཀྱི་འགྲིམ་འགྲུལ་བདེ་འཇགས་ཀྱི་འདུ་ཤེས་ཞན་པོ་ཡིན་པ་ངང་གིས་ཤེས་ཡོང་། ང་རང་སྨན་ཁང་ལས་གྱེས་ཏེ་ལས་གནས་སུ་འབྱོར་རྗེས་ཡུད་ཙམ་བསམ་བློ་བཏང་ནས་མང་ཚོགས་གོ་བདེ་བའི་ཆེད་དུ།
འཕྲུལ་རྟའི་བདེ་འཇགས་ཞྭ་མོ་དེ། །
རང་སྲོག་སྐྱོབ་པའི་ནོར་བུ་ཡིན། །
ཉེན་རྟོག་མཐོང་ཚེ་གྱོན་པ་ལས། །
ནམ་རྒྱུན་གཡུག་ནས་མ་འཇོག་རོགས། །ཞེས་པའི་ཚིགས་བཅད་ཤོ་ལོ་ཀ་གཅིག་བྲིས་ནས་གྲོགས་ཚོམས་སུ་སྤེལ་བ་ཡིན། ཡིན་ཡང་། དོ་སྣང་བྱེད་མཁན་དེ་ཙམ་མ་བྱུང་། ཉིན་གཉིས་པའི་སྔ་དྲོར། ངས་རང་ཁོངས་ཀྱི་མང་ཚོགས་སྐུལ་སློང་བྱས་ནས་ཚིགས་བཅད་དེ་དང་འབྲེལ་བའི་འགྲིམ་འགྲུལ་བདེ་འཇགས་སྐོར་གྱི་ཤེས་བྱ་སྣ་ཚོགས་བཤད་པ་ཡིན་ལ་ནམ་རྒྱུན་ཁྲིམས་ལུགས་དྲིལ་བསྒྲགས་བྱེད་དུས་ཀྱང་ངས་འགྲིམ་འགྲུལ་བདེ་འཇགས་སྐོར་ཡིན་གཅིག་གླེང་གི་ཡོད།
སྙིང་ཉེ་བའི་མང་ཚོགས་ལགས། ང་ཚོ་ཚང་མས་ཤེས་གསལ་ལྟར། འགྲིམ་འགྲུལ་ལས་འཛོལ་གྱིས་རྐྱེན་པས་ལོ་ལྟར་ཁྱིམ་ཚང་མང་པོ་སྡུག་བསྔལ་གྱི་རྒྱ་མཚོར་ལྷུང་གི་མི་འདུག་གམ། ཕ་མ་མེད་པའི་དྭ་ཕྲུག་དེ་ཚོ་དང་ལྟ་རྟོག་བྱེད་མཁན་མེད་པའི་རྒན་རྒོན་རྣམས་མཐོང་དུས། ཁྱེད་ཀྱིས་ཅི་ཞིག་དྲན་མྱོང་། མ་ཟད། ཤི་མ་གསོན་གྱི་རྨས་མ་དེ་ཚོས་སྨན་ཁང་དུ་བཟོད་པར་དཀའ་བའི་སྡུག་སྐད་དྲག་པོ་རྒྱག་དུས་ཁྱོད་ཀྱིས་ཅི་ཞིག་དྲན་མྱོང་། མ་གཞི་འགྲིམ་འགྲུལ་གྱི་ལས་འཛོལ་ནི་བསམ་ཡུལ་ལས་འདས་པའི་དོན་རྐྱེན་ཞིག་ཡིན་མོད། དེ་ནི་ང་ཚོའི་སྣང་ཆུང་དང་ལྷོད་གཡེང་གིས་བཟོས་པ་ཤ་སྟག་མ་ཡིན་ནམ། གོང་ཞུས་ལྟར་སྦག་ཞྭ་གྱོན་མི་འདོད་པ་དང་། ཡང་ན་མགྱོགས་ཚད་དང་ལྗིད་ཚད་ལས་བརྒལ་བ། ཆང་རག་བཏུངས་རྗེས་འཁོར་རིགས་གཏོང་བ། ཁ་པར་རྩེད་ཞོར་འཁོར་རིགས་གཏོང་བ། ལག་ཁྱེར་མེད་པར་འཁོར་རིགས་གཏོང་བ་ལ་སོགས་པའི་སྣང་ཚུལ་དེ་དག་ང་ཚོའི་འཁྲིས་སུ་བྱུང་དང་འབྱུང་བཞིན་ཡོད་པས། ང་ཚོས་ཡིན་གཅིག་ཡིད་གཟབ་བྱེད་དགོས། ཁ་དཔེར། ཆུ་མ་ཤོར་གོང་ནས་ཆུ་རགས་ཞེས་པ་ལྟར། ང་ཚོས་སྔོན་ནས་གཟབ་གཟབ་བྱས་ཏེ་བཟོད་པར་དཀའ་བའི་གནས་ཚུལ་དེ་རིགས་མ་ཐོན་པ་བྱེད་དགོས་ཨང་། དེར་བརྟེན། གོང་འོག་བར་གསུམ་ཚང་མས་རང་རང་གི་ཤེས་ཚོད་ཀྱིས་འགྲིམ་འགྲུལ་ཤེས་བྱ་དྲིལ་བསྒྲགས་དང་ཁ་ལོ་བ་ཚོས་མི་སྡོད་སར་རང་བསྡད། རང་སྡོད་སར་མི་བཞག་ནས་ཡ་རབས་ཚུལ་ལྡན་གྱི་ཁ་ལོ་བ་ཞིག་བྱས་ཏེ། ང་ཚོའི་ཉེ་འགྲམ་དུ་ཡ་ང་བའི་གནས་ཚུལ་དེ་འདྲ་མ་ཐོན་པ་བྱེད་དགོས་སོ།