དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • གར་སྟེགས་ཐོག་གི་བུ་མོ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ཁམས་ཟླ་སྲས།   |     སྤེལ་དུས།  2024-12-03

    ངག་སྙན་པ་ཁུ་བྱུག་འདྲ་འདྲ་རེད། །

    དབྱར་མེ་ཏོག་སྐྱེ་དུས་གྲགས་ན་བསམ། །

    གཟུགས་ཡག་པ་སེང་ལྕམ་འབྲུག་མོ་བཞིན། །

    བུ་ཇོ་རུ་མ་གཏོགས་ཁུག་ལེ་མིན། །

    མི་ཁྲོམ་ཚོགས་བརྒྱ་འདུས་སྟོང་འདུས་རེད། །

    གླུ་སྙན་མོས་གནམ་ས་སྒུལ་ནས་ཐལ། །

    ས་མགོ་ལོག་ཡུལ་གྱི་ས་ཆ་ནས། །

    སྨན་བུ་མོ་ཁྱེད་ཀྱིས་དྲན་པ་ཁྱེར། །

    འཛུམ་ལང་ཚོ་བལྟས་ན་ཡག་དང་གཅིག །

    གཟུགས་དཔེ་བྱད་མཐོང་ན་ཡག་དང་གཉིས། །

    མིག་ཁྲ་ཆུང་གཉིས་ཀྱང་དཔེ་ཡག་པའི། །

    མ་ལུས་ཕྲ་ཁྱེད་ལ་ཡིད་རེ་འཁྲེང་། །

    གོས་བོད་ལྭ་གྱོན་པའི་ན་ཆུང་གིས། །

    ངག་གླུ་དབྱངས་ལེན་པའི་ཉིན་མོ་ལ། །

    སྐད་ཕྲ་སྦོམ་ཧ་ཅང་རན་པ་འདིས། །

    ནང་སེམས་ཀྱི་ཚོར་བ་ཡང་ཡང་མྱོས། །

    གླིང་མི་ཁ་བཙན་ཡང་སྐྱོན་ཅི་ཡོད། །

    སྡེ་སེམས་ཅན་མི་ཁར་འགོག་ཐབས་མེད། །

    མ་འཛུམ་ཡག་ལྷ་མོའི་རྗེས་འགྲོ་མ། །

    སྟག་ཤ་རའི་སེམས་ཀྱི་དྲན་ཤིང་ཡིན། །

    ས་མགོ་ལོག་སྐྱིད་པའི་རྩྭ་ཐང་དུ། །

    ངག་སྒྱུ་རྩལ་དབྱངས་ཅན་ངག་ལ་འཁུ། །

    ཁྲོམ་ཚོགས་པའི་མིག་ཟུང་འཕྲོག་པ་ཡི། །

    མ་སྒྱུ་རྩལ་མཁན་ལ་ཚིག་གིས་བསྟོད། །

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།