མ་དྲིན་ཆེན་བརྩེ་བའི་གཏེར་ཆེན་རེད།
ཚད་མེད་བྱམས་བརྩེའི་ཟེར་བརྒྱ་རབ་འབར་མ། །
བརྩེ་དུང་ཆེན་པོས་བུ་ཕྲུག་བྱམས་ཀྱིས་བསྐྱངས། །
ངལ་དུབ་སེར་བས་བཅོམ་རུང་སྡུག་ཡུས་མེད། །
ལང་ཚོའི་མེ་ཏོག་བྲུལ་བའི་ཡུམ་ཆེན་མ། །
སྐད་ཡིག་བསླབས་པས་སྨྲ་འདབ་ཡོངས་གྲོལ་ནས། །
ལྐུགས་པའི་བུ་ལ་ངག་གི་དངོས་གྲུབ་ནོར། །
སྦྱིན་མཛད་གཉེན་གྱི་དྭངས་མ་ལམ་སྟོན་མཁན། །
ཟ་ལུགས་འགྲོ་ལུགས་སློབ་པའི་བཤེས་གཉེན་ཕུད། །
རིང་ནས་གུས་པའི་ཡིད་ཀྱི་བརྩེ་ཆེན་མ། །
བཀུར་ཞིང་འགྲོགས་ནས་གསུང་གླེང་མང་བགྱིད་པའི། །
ཉེར་ལེན་དེ་ལས་རིག་པའི་ལྡིང་ཁང་དུ། །
ཞེ་ཚིག་སྨྲ་ལ་དགེ་བའི་བློ་སྤོབས་རྒྱས། །
དྲོད་སྲུང་ཨོང་བ་བླུག་སྣོད་པང་གདན་དང་། །
གནག་སྣུམ་དབུ་སྐྲའི་ཐོར་ཅོག་བཅིངས་པའི་སྤོར། །
འོད་ཆགས་རིན་ཆེན་སྐུ་རྒྱན་སྣ་ཚོགས་ཀྱིས། །
ལུས་མཛེས་བཀའ་དྲིན་མཚུངས་པ་མེད་པའི་སྡེ། །
ཡོན་ཏན་བརྒྱད་པོའི་དཔལ་ལྡན་མཛངས་མ་དང་། །
ཡིད་ལྷུང་ལྷ་མོའི་སྙེམས་འཕྲོག་མཛེས་ལྡན་མ། །
གང་གི་ཆོ་ལོ་སུ་ཡིས་མ་གནང་མོད། །
ང་ཡི་འཇིག་རྟེན་རྒྱན་ཆ་ཡག་ཤོས་ཁྱེད། །
འོ་མའི་གཏེར་མཚུངས་ཞལ་ཁྱིམ་ཁོ་ན་ཡིས། །
མཛངས་མའི་སྙན་གྲགས་གླིང་བཞིར་ཁྱབ་མིན་ཏེ། །
མཐའ་ཡས་བློ་རྒྱ་སྲིད་གསུམ་འཇིག་རྟེན་ཁམས། །
ཡོན་ཏན་རྒྱ་མཚོས་ཡོངས་སུ་བཀང་བ་བཞིན། །
ཉི་ཟླ་རང་འོད་གསལ་ཀྱང་བེམ་གཟུགས་ཏེ། །
ཁུ་བྱུག་གསུང་སྐད་སྙན་རུང་དགུན་དུས་འགག །
དེ་དག་རྣམས་དང་བྱམས་ལྡན་དྲིན་ཆེན་མ། །
མཚུངས་པ་ལས་ཀྱང་ཁྱད་པར་མང་དུ་མཆིས། །
ཀུན་གསལ་སྒེག་མོའི་ཁ་ཞེང་དཔོག་དཀའ་ཞིང་། །
ཟླ་བའི་མ་མ་ཟབ་ཡངས་མུ་མཐའ་བྲལ། །
དྭངས་གསལ་ཟླ་ཤེལ་ར་རིས་མ་གོས་ཏེ། །
དེ་དག་རྣམས་དང་མ་ལོའི་ཐུགས་རྒྱུད་མཚུངས། །
འཕེལ་འགྲིབ་གསལ་མོག་སྐྱོན་གྱིས་སྦགས་ཀྱང་རུང་། །
སྨག་ནག་འཇོམས་བྱེད་མཐུ་ནུས་ལྡན་ཀྱང་རུང་། །
ཁྱོད་ཞལ་འོད་དཀར་ཅན་གྱི་རྗེས་འགྲོ་ཞེས། །
བདག་གི་བློ་ལ་བརྗོད་འདོད་ཀུན་ནས་སྐྱེས། །
ཞི་དུལ་ཐུགས་རྒྱུད་འཇམ་པས་བལ་དཀར་དང་། །
ངང་བཟང་ཕྱི་ཐག་རིང་བས་ཉལ་འགྲོའི་རྒྱུན། །
ཞི་དུལ་ཁྱིམ་སྐྱོང་མཁས་པས་ཀུན་གྱིས་བསྟོད། །
ང་ཡི་མ་ལོ་མཛངས་མའི་རང་གཤིས་ཅན། །
སྲིད་ཞིའི་མཛེས་སྡུག་དཔལ་ཀུན་ཚངས་པ་ལྷས། །
བསམ་བཞིན་བསྡུས་པའི་ཕུང་པོ་ཁྱོད་ལུས་ལ། །
འདབ་བརྒྱའི་ཚལ་ལ་མེ་ཏོག་ཕྲེང་མཛེས་བཞིན། །
ཀུན་དགའི་དཔྱིད་དུ་བསམ་བཞིན་སྤུངས་པ་འདྲ། །
སྣང་བའི་མཛོད་ལས་གྲང་རེག་སྤུ་གྲི་དང་། །
དགུན་གསུམ་དགུང་ལས་ཁ་བའི་འདབ་མ་བཞིན། །
ངག་འཇམ་ཞེ་ཚིག་གོམས་པའི་གསུང་ངག་ལས། །
ཚིག་རྩུབ་མགྲིན་བཟང་འཛེར་སྐད་སྨྲ་དོགས་མེད། །
ཁྱིམ་གྱི་ནོར་བུས་གོ་ཁའི་ཕྱོགས་ཀུན་དང་། །
བྱམས་བརྩེའི་འོད་སྣང་བུ་སེམས་གཏིང་ལ་ཁྱབ། །
ཉིད་ཀྱི་ཞལ་རས་དྲོན་མོ་མཇལ་ཐེངས་རེར། །
བུ་ངའི་ཡིད་ཀྱི་འཁྱགས་རོམ་སྐད་ཅིག་བཞུར། །
ཤ་རུས་དྲ་བས་ལེགས་སྦྲེལ་དྲིན་ཆེན་མའི། །
གཏིང་མཐའ་བྲལ་བའི་བརྩེ་བ་རྒྱ་མཚོ་དང་། །
རབ་བརྟན་ལྷུན་པོ་ལྟ་བུའི་རང་གཤིས་སོགས། །
སྨྲ་བསམ་བརྗོད་བྲལ་ཡོན་ཏན་དཔོག་དཀའ་ཨང་། །