ཨ་ཕར་ཕུལ་བའི་དྲན་གདུང་ཡིད་ཀྱི་མཆོད་པ།
ཉི་མ་ནུབ་ཕྱོགས་ཀྱི་ཕང་བ་ནས་དལ་གྱིས་བཞུད་ལ་ཉེ་ཞིང་། འོད་ཀྱི་ཉག་མ་རེ་རེས་རྐང་ལག་བསྲིངས་ནས་སྤྲིན་དཀར་གྱི་རུམ་དུ་འཛུལ་བཞིན་མཆིས། རིམ་བཞིན་དལ་ཅག་གེར་འཇམ་ཐིང་ངེར་མུན་པའི་གྱོན་པ་ནག་པོ་ཞིག་ནོར་འཛིན་བུ་མོའི་ལུས་ཡོངས་ལ་གཡོགས་སོང་། དེ་ནི་དགུན་ཁའི་རྒྱུན་གཏན་གྱི་མཚན་མོ་ཞིག་ཡིན་ཡང་། དུས་ཚིགས་དེས་བདག་གི་ལུས་སེམས་གཉིས་ཀར་བཙན་འཛུལ་ཡང་ཡང་བྱས་འོང་།
མི་ལོ་བརྒྱད་ཀྱི་ཡར་སྔོན་དུ་ཁོ་བོ་མཐོ་འབྲིང་ལོ་རིམ་གཉིས་པ་འགྲིམ་བཞིན་ཡོད། རེས་གཟའ་སྤེན་པའམ་ཉི་མ་གང་རུང་ཞིག་ལ། འཛིན་བདག་རྒན་ལགས་ཀྱིས་ང་ཚོའི་ལག་ནས་བསྡུས་པའི་ཁ་པར་ཕྱིར་ང་ཚོར་སྤྲད་པས། ངས་དེ་མ་ཐག་ཁྱིམ་དུ་ཁ་པར་བརྒྱབ་ནས་ཨ་ཕའི་ནད་གཞི་གང་འདྲ་ཡོད་མེད་དང་ཨ་མར་དཀའ་ལས་ཆེ་ཆུང་གང་འདྲ་ཡོད་མེད་སོགས་བཀའ་འདྲི་ཡང་ཡང་ཞུས་པ་དང་། དེ་རྗེས་ལུས་སེམས་གཞི་ནས་ལྷོད་ལ་བབས་པས་ཉལ་ཁང་ངམ་ཟ་ཁང་གང་རུང་གི་ཕྱོགས་སུ་རང་འདོད་ལྟར་ཕྱིན་པ་ཡིན། ནམ་རྒྱུན་གུང་གསེང་ངམ་ངལ་གསོ་བཞག་མ་ཐག་བྲེལ་བྲེལ་འཚུབ་འཚུབ་ཀྱིས་ཕ་ཡུལ་དུ་འགྲོ་མཁན་གྱི་མོ་ཊ་འཚོལ་རྒྱུ་ནི་སྐབས་དེ་དུས་ཀྱི་ངའི་འཚོ་བའི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར། ཁྱིམ་དུ་འབྱོར་བའི་ལས་དང་པོ་ནི་སྐད་ཤུགས་ཆེན་པོས་ཨ་ཕ་ཞེས་འབོད་ཀྱིན་ཨ་ཕར་འཐམ་རྒྱུ་དེ་ཡིན། དེ་དུས་འཚོ་བའི་འཁོས་ཀ་ཞན་ཞིང་དཔལ་འབྱོར་གྱི་ཡོང་ཁུངས་མེད་ལ། བུ་ཕྲུག་ནར་མ་སོན་པས་ཡོང་སྒོ་ལས་གཏོང་སྒོ་མང་བ་ཡོད་སྟབས། རྟག་ཏུ་ཕ་མ་གཉིས་ནས་ཟ་མཁས་འཐུང་མཁས་ཀྱིས“བྱི་བའི་སྐྱེ་བ”བཞེས་ཏེ་བྲེ་གསོག་ཕུལ་གསོག་བྱེད་ཀྱིན་ཡོད། དེ་དུས་བདག་ལ་མཚོན་ན་བདེ་སྐྱིད་ཆེ་ཤོས་ནི་ཨ་ཕ་དང་ཨ་མ་ཞེས་འབོད་ས་ཞིག་ཡོད་པ་དེ་རེད། རྣམ་ཀུན་སློབ་གྲྭའི་ནང་སློབ་མ་འགའ་ཤས་ཀྱིས་སོ་སོའི་ཨ་ཕ་སྦྱིན་བདག་ཆེ་གེ་མོ་ཞིག་གམ་འགོ་ཁྲིད་ཆེ་གེ་མོ་ཞིག་ཡིན་ཚུལ་བརྗོད་དུས། ངའི་སེམས་ལ་ཁྱོད་ཚོའི་ཨ་ཕ་ལས་ངའི་ཨ་ཕ་གཟི་བརྗིད་ཆེ་ངེས་རེད། ཁྱོད་ཚོའི་ཨ་ཕ་འགོ་ཁྲིད་ཆེ་གེ་མོ་ཡིན་རུང་ཁྱོད་ཚོ་དང་ཞིང་ཁུལ་གྱི་བུ་ཆུང་ངའི་སླེབས་ས་གཅིག་པ་རེད་སྙམ་ནས་སླར་ཡང་སྤོབས་པ་ཆེན་པོ་སྐྱེས།
སླར་ཡང་དགུན་གསེང་བཏང་སོང་། ཁོ་པ་ཡང་སློབ་ཕྲུག་གཞན་དང་འདྲ་བར་ཅ་དངོས་བསྡུ་གསོག་ཚར་རྗེས་ཐད་ཀར་རླངས་འཁོར་འབབ་ཚུགས་སུ་ཕྱིན་ནས་ཕ་ཡུལ་དུ་འགྲོ་མཁན་རླངས་འཁོར་ཡོད་མེད་བཙལ་བ་ཡིན། ལོ་དེ་ལ་ཨ་ཕའི་ལུས་ཟུངས་ཉམས་ཏེ་འགྲོ་སྐྱོད་ཀྱང་མི་བདེ་བའི་གནས་སུ་གྱར་འདུག སྨན་ཁང་མང་པོར་སོང་སྟེ་སྨན་པ་ཆེ་ཆུང་མང་པོ་བསྟེན་པ་དང་། མེད་ན་མ་གཏོགས་ཐབས་ཤེས་ཡོད་རྒུ་བཏོན་ནས་བསམ་ཚད་དང་དྲན་ཚད་བྱས་པ་ཡིན་ཞེས་ཨ་མས་ང་ལ་བལྟས་ཏེ་འདི་ལྟར་གསུངས་བྱུང་ལ། སྤྱན་ནས་རྣམ་ཀུན་མཐོང་དཀོན་པའི་མིག་ཆུའི་ཕྲེང་རྡོག་རེ་རེ་གཅིག་རྗེས་གཉིས་མཐུད་ངང་བཞུར་ཡོང་། ཨ་མས་མུ་མཐུད་དེ། ཁྱོད་ཚོའི་ཨ་ཕར་བསོད་བདེ་མི་འདུག སྔོན་ཆད་འཚོ་བའི་ཁུར་པོས་ཡོངས་སུ་མནན་པའི་ཁར། བུ་ཕྲུག་ནར་མ་སོན་པས་ལྟོ་གོས་ཀྱི་དོན་དུ་སྔ་ལངས་ཕྱི་ཉལ་བྱེད་དགོས་བྱུང་། ད་ཆ་བུ་ཕྲུག་རིམ་གྱིས་འཚར་ལོངས་ཡོང་དུས་ཁོ་རང་ལ་སྐྱིད་པོ་བྱེད་སྐལ་བྱུང་མ་སོང་གསུངས། སྣ་ཁུང་ཚ་བེར་བེར་དུ་གཏོང་བའི་ཨ་མའི་གཏམ་དེས་ཁོ་བོ་དེ་མ་ཉིད་དུ་ཨ་ཕར་འཐམས་ནས་ངུ་ཤོར།
མི་ལོ་བརྒྱད་ཡར་སྔོན་གྱི་མཚན་མོ་དེར། ཁྱེད་རང་ངེད་མ་བུ་ཚོ་དང་གཏན་དུ་བྲལ་སོང་། ཁྱེད་ཉིད་ཀྱི་ཕེབས་སྟངས་དེ་ཅི་འདྲའི་སྟབས་བདེ་ཨང་། ཟུག་གཟེར་ཙམ་ཡང་མེད་པར་ཁུ་སིམ་མེར་བཞུད་སོང་། ཁྱེད་ཉིད་ཕེབས་ཤུལ་དུ་འཇིག་རྟེན་འདིའི་ཁ་བས་ཁྱེད་ལ་སྐྱེལ་མ་མཐའ་མ་དེ་བྱས་སོང་། འོ། སྐྱི་གཡའ་བའི་མཚན་མོ་དེར་ཁོ་བོ་ནི་ག་བྱེད་འདི་བྱེད་མེད་པར་ལུས་ཤིང་། དུས་དེ་ནས་བཟུང་། ངའི་རྒྱབ་རི་བརྟན་པོ་དེ་བསམ་དབང་དྲན་དབང་མེད་པར་དེ་ལྟར་འགྱེལ་སོང་།
ད་ཆ་ཕོ་ལོ་ཉི་ཤུའི་སྒོ་ཐེམ་བརྒལ་བའི་ང་རང་གི་གཡས་གཡོན་དུ་སྔོན་ཆད་དང་འདྲ་བར་མི་མང་པོས་ཨ་ཕ་ཞེས་སྐད་སྒོ་མཐོན་པོས་གླེང་མོལ་བྱེད་ཀྱི་འདུག ཁོ་པའི་སྒྲ་འཛིན་གྱི་བུ་གར་ཨ་ཕ་ཞེས་པའི་ཚིག་འདི་གོ་མ་ཐག་ཡིད་མཁར་ཚོར་བ་སྐྱུར་མོ་ཞིག་གིས་ཁེངས་ཏེ། ཁོང་ཚོའི་སྐད་ཆར་མུ་མཐུད་ཉན་ནས་འདོད་པའི་དང་ག་མེད་པས། རྟབ་རྟབ་པོར་ལངས་ཏེ་གཅིག་པུར་རི་མཐོ་ས་ཞིག་གི་རྩེའམ་རྒྱུག་ཆུ་ཞིག་གི་འགྲམ་དུ་ཕྱིན་ནས་མིག་ཆུས་གདོང་པ་བཀྲུས་པ་ཐེངས་གཅིག་གཉིས་མིན། བསམ་བཞིན་བསམ་བཞིན་བསམ་གཞིག་གི་རི་རྩེར་སྨུག་སྤྲིན་ཞིག་ངང་གིས་འཁྲིགས་བྱུང་སྟེ། སྔོན་ཆད་ཨ་མས་གསུངས་མྱོང་བའི“ཁྱོད་ཚོའི་ཨ་ཕར་བསོད་བདེ་མི་འདུག སྔོན་ཆད་འཚོ་བའི་ཁུར་པོས་ཡོངས་སུ་མནན་པའི་ཁར། བུ་ཕྲུག་ནར་མ་སོན་པས་ལྟོ་གོས་ཀྱི་དོན་དུ་སྔ་ལངས་ཕྱི་ཉལ་བྱེད་དགོས་བྱུང་། ད་ཆ་བུ་ཕྲུག་རིམ་གྱིས་འཚར་ལོངས་ཡོང་དུས་ཁོ་རང་ལ་སྐྱིད་པོ་བྱེད་སྐལ་བྱུང་མ་སོང”ཟེར་བའི་གཏམ་དེ་དྲན་བྱུང་། ད་ལྟ་བསམས་ན་ཨ་ཕར་བསོད་བདེ་མེད་པ་མིན་པར་ང་རང་ཉིད་ལ་བསོད་བདེ་མེད་སོང་བ་ངང་གིས་རྟོགས་ཤིང་། ཀུན་ལ་ཨ་ཕ་ཞེས་འབོད་ས་འབོད་ཡུལ་ཡོད་དུས། ད་ནི་ང་ལ་འདི་འདྲའི་བསོད་བདེ་མེད་ཨང་།
མི་ལོ་བརྒྱད་ཀྱི་ཡར་སྔོན་དུ་ཁྱེད་ནི་ཨ་ཕ་ཞིག་དང་ཁྱོ་ག་ཞིག ཁྱིམ་གྱི་བཟའ་དཔོན་ཞིག་དང་གདུང་འདེགས་ཀྱི་ཀ་བ་ཞིག་སྟེ། མདོར་ན། ཐོབ་ཐང་མང་བའི“དཔོན་ཆེན”ཞིག་ཡིན། དེ་དུས་ཁྱེད་ལ་དཔའ་ཡོད་ལ་འགན་འཁྲིའང་ཡོད། ལྷག་བསམ་ཡོད་ལ་བྱམས་སེམས་ཀྱང་ཡོད། དེ་དུས་ཁྱེད་ནི་ཐམས་ཅད་ཀྱི་ཡིད་ཁ་ཤོར་སའི་མེ་ཏོག་ཡིན། དེ་དུས་ངའི་ཕུགས་བསམ་ལ་འོད་ཀྱི་གཤོག་ཟུང་ལྡན།
མི་ལོ་བརྒྱད་འདས་པའི་དེ་རིང་། ངའི་སྙིང་དབུས་ཀྱི་མེ་ཏོག་གང་དེ་ལོ་ཟླའི་རླུང་འཚུབ་དྲག་པོས་གཙེས་ཏེ། ངའི་འཇིག་རྟེན་ནས་རྒྱང་དུ་བཞུད་སོང་། དུས་དེ་ནས་བཟུང་། ངའི་ཁྱིམ་ལ་ཀ་བ་མེད་ལ་རྒྱབ་རྟེན་ཡང་མེད། བྱ་ཕྲུག་ཐང་ལ་ལུས་པ་ལྟ་བུའི་ངའི་གཤོག་ཡ་ཆད་དེ་སྔོན་ཆད་ཇི་བཞིན་སྦོ་དགྱེ་དགྱེ་བྱས་ནས་མཁའ་ལ་ལྡིང་བའི་སྤོབས་པ་ཉམས།
ཨ་ཕ་ལགས། ད་ནི་དགུན་ཁ་ཤར་སོང་། ཕྱི་རོལ་དུ་གྲང་ངད་ལྷག་ཏུ་ཆེ། གྲང་ངར་ཆེ་བའི་དགུན་གྱི་མཚན་མོ་དེར། ངས་ཁྱེད་ཉིད་ཧ་ཅང་དྲན། མེ་ལྟར་དྲོ་བའི་ཁྱེད་ཀྱི་དྲོད་ཁོལ་ཡང་ཡང་དྲན་གྱིན་འདུག